ཏོ་རི་བ་རི་ལུ་ འབྲུག་མི་ལས་མི་ཚུ་གིས་ གྱང་རྩིག་རྐྱབ་བའི་བསྒང་།

ཕུན་ཚོགས་གླིང་ལུ་ བཟོ་སྐྲུན་ལས་སྡེ་ཚུ་གིས་ ནང་འཁོད་ལས་མི་ཚུ་ ལེན་དོ་ཡོདཔ།

༉ ཕུན་ཚོགས་གླིང་ལུ་ བཟོ་སྐྲུན་ལས་སྡེ་ཚུ་གིས་ གདམ་ཁ་གཞན་མ་བལྟ་བར་ ནང་འཁོད་ལས་མི་ཚུ་ མངམ་སྦེ་ལེན་ནི་ འགོ་བཙུགས་ཏེ་ཡོདཔ་ཨིན་པས།

བཟོ་སྐྲུན་ལས་སྡེ་ནང་ ལཱ་འབད་མི་འགོ་ཁྲིདཔ་ ཏོ་རི་བ་རི་ལས་ བི་མཱལ་ཀུ་མར་ག་ལས་ཀྱིས་ སླབ་མིའི་ནང་ ན་གཞོན་ཚུ་གིས་ བཟོ་སྐྲུན་གྱི་ རིག་རྩལ་ལྷབ་སྦྱང་འབད་ནིའི་ གོ་སྐབས་ཅིག་ ཨིནམ་བཞིན་དུ་ འགོ་བཙུགས་པའི་སྐབས་ འབྲུག་མི་ན་གཞོན་ཚུ་གིས་ ལཱ་འབད་མི་བཏུབ་དོ་ཡོད་རུང་ ནད་ཡམས་ཀོ་བིཌ༌-༡༩ གིས་ གནས་སྟངས་བསྒྱུར་བཅོས་སོང་མི་ལུ་བརྟེན་ འོང་འབབ་བཟོ་ནི་གི་ ལཱ་གཞན་མེདཔ་ལས་ ཐབས་ར་མེད་པར་ འབད་དགོཔ་བྱུང་ཡི་ཟེར་ཨིན་པས།

ན་གཞོན་ཚུ་གིས་ བཟོ་སྐྲུན་ནང་ ལཱ་འབད་ནི་ལུ་ དཀའ་ངལ་མེད་པར་ རང་དབང་ཅན་སྦེ་ ལཱ་འབད་ཚུགས་པའི་ཁར་ ཕྱིའི་ལས་མི་ལུ་བརྟེན་སྡོད་ནི་ཡང་ མར་ཕབ་སོང་སྟེ་ཡོད་ཟེར་ བི་མཱལ་ཀུ་མར་གྱིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ན་གཞོན་ཚུ་ དེ་བཟུམ་མའི་ ལཱ་ཚུ་ནང་ འབྲེལ་འཛིན་སྦེ་ བཞག་མི་ལུ་བརྟེན་ ན་གཞོན་དང་འབྲེལ་བའི་ ཁྲིམས་འགལ་གྱི་ ལཱ་བྱ་འཐབ་མི་ཡང་ མར་བབས་སོང་སྟེ་ཡོད་ཟེར་ཨིནམ་ད་ བི་མཱལ་ཀུ་མར་དང་ ཏོ་རི་བ་རི་ལས་ ན་གཞོན་༡༠ གྱིས་ འཕྲལ་ཁམས་ཅིག་ཁར་ གྱང་རྩིག་རྐྱབ་ནི་གི་ ལཱ་ལེན་ཏེ་ཡོདཔ་ཨིན་པས།

འབྲུག་མི་ཚུ་ བཟོ་སྐྲུན་གྱི་ལཱ་ནང་ རིག་རྩལ་མེདཔ་ལས་ རྩིགཔ་རྐྱབ་ནི་རྐྱངམ་གཅིག་ འབད་ཚུགས་པས་ཟེར་ ཁག་འབགཔ་ཚུ་གིས་ བཤདཔ་ཨིན་པས།

སྐྱེས་ལོ་༤༨ ལང་མི་ བིམ་ཀུ་མར་རའེ་གིས་ ཕུན་ཚོགས་གླིང་གི་ བཟོ་སྐྲུན་ལས་སྡེ་ཅིག་ལས་ རྩིགཔ་རྐྱབ་ནི་གི་ ལཱ་ལེན་ཡོད་མི་ཚུ་ནང་ བསམ་རྩེ་ལས་ ཕོ་སྐྱེས་༧ ཡོདཔ་ལས་ ཉིན་གྲངས་༣༧ གྱི་ ནང་འཁོད་ལུ་ ལཱ་མཇུག་བསྡུ་ནུག།

ཁོང་གིས་ དངུལ་ཀྲམ་༢༤༦,༦༠༠ འོང་འབབ་བཟོ་ཡོདཔ་བཞིན་དུ་ མི་རེ་གིས་ དངུལ་ཀྲམ་༣༥,༠༠༠ དེ་ཅིག་ ཐོབ་ཡོདཔ་ད་ སྒྲིང་ཁྱིམ་བཟོ་སྐྲུན་མ་གཏོགས་ འབྲུགཔ་ཚུ་གིས་ བཟོ་སྐྲུན་ལས་སྡེ་ཚུ་ནང་ ལཱ་འབད་ཚུགས་ནི་དང་ དུས་ཚོད་ཀྱི་ ཁྱད་པར་མ་གཏོགས་ འབྲུག་མི་ན་གཞོན་ཚུ་གིས་ བཟོ་སྐྲུན་གྱི་ལཱ་ཚུ་ འབད་ཚུགས་ཟེར་ བིམ་ཀུ་མར་རའེ་གིས་ བཤདཔ་ཨིན་པས།

འབྲུགཔ་ཚུ་གིས་ བཟོ་སྐྲུན་ལས་སྡེ་ནང་ ལཱ་གི་སྦྱང་བ་ཚུད་དོ་ཡོད་རུང་ ལྷབ་སྦྱང་འབད་དགོཔ་ ལེ་ཤ་ཡོདཔ་ཨིན་པས།

ཧའི་ཊེག་བཟོ་སྐྲུན་ལས་སྡེའི་ཇོ་བདག་ ཚེ་དབང་ནོར་བུ་གིས་ སླབ་མིའི་ནང་ འབྲུག་མི་ཚུ་གིས་ ལཱ་ཆུང་ཀུ་ ལྕགས་དུམ་བཀུག་ནིའི་ ལཱ་ཡང་འབད་མི་ཤེས་པས་ཟེར་ཨིནམ་ད་ ལས་སྡེ་གིས་ འཕྲལ་ཁམས་ཅིག་ཁར་ དཔག་བསམ་ཁར་ དོ་ཕབ་ལེན་གྱི་ ས་ཁོངས་ནང་ ལཱ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ འབྲུག་མི་ཚུ་གིས་ དོས་བཀལ་ནི་རྐྱངམ་གཅིག་ འབད་ཚུགས་དོ་ཡོདཔ་ལས་ ཁོང་ལས་ གསུམ་ལྟབ་ཀྱིས་ ནང་འདྲེན་འབད་མི་ ལས་མི་ཚུ་ དྲག་པའི་ཁར་ ལཱ་ཚུ་ དུས་ཚོད་ཁར་ མཇུག་བསྡུ་ནི་ལུ་ཡང་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།

ཕྱིའི་ལས་མི་ཚུ་ ནང་འདྲེན་འབད་ནི་དེ་ དགོས་མཁོ་ཅན་ཅིག་ལུ་ གྱུར་ཏེ་ཡོདཔ་བཞིན་དུ་ ཁོ་གིས་ ཕྱིའི་ལས་མི་༤༠-༥༠ དགོཔ་ཡོད་ཟེར་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ ཡི་གུ་བཙུགས་ཏེ་ཡོདཔ་ཨིན་པས།

ད་རེས་ ཧའི་ཊེག་བཟོ་སྐྲུན་ལས་སྡེ་ནང་ ནང་འཁོད་ལས་མི་༡༣༣ དང་ རྒྱ་གར་གྱི་ལས་མི་༤ ཡོདཔ་ཨིན་པས།

བཟོ་སྐྲུན་ལས་སྡེ་གཞན་ ཨོ་རྒྱན་འོད་ཟེར་གྱིས་ སླབ་མིའི་ནང་ ད་ལྟོའི་བར་ན་ཡང་ གནས་སྟངས་དེ་ སྐྱོ་དྲགས་སྦེ་ར་ཡོད་ཟེར་ཨིནམ་ད་ ནང་འཁོད་ལས་མི་ཚུ་གིས་ རེ་བ་བསྐྱེད་དོ་བཟུམ་སྦེ་ ལཱ་འབད་བྱིན་པ་ཅིན་ འཐུས་ལེ་ཤ་བྱིན་དགོ་རུང་ སྟབས་མ་བདེཝ་མེད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ རྒྱ་གར་གྱི་ ལས་མི་ཚུ་དང་ཕྱདཔ་ད་ འབྲུག་མི་ཚུ་ལུ་ གླ་འཐུས་གཉིས་ལྟབ་སྦེ་ སྤྲོད་དགོ་པས་ཟེར་ཨིནམ་ད་ ལས་སྡེ་ནང་ ནང་འཁོད་ཀྱི་ ལས་མི་༤༠ ཡོད་མི་ཚུ་གིས་ ལཱ་དེ་ཅིག་ར་ འབད་ནི་མེད་རུང་ སྦྱང་བ་འབད་བའི་བསྒང་ཡོད་ཟེར་ བཤདཔ་ཨིན་པས།

འབྲུག་བཟོ་སྐྲུན་ལས་འགུལ་དེ་གིས་ འབྲུག་མི་ཚུ་ལུ་ དངུལ་ཕོག་ཡར་སེང་འབད་མི་ལུ་བརྟེན་ བཟོ་སྐྲུན་གྱི་ ལས་སྡེ་ཚུ་ནང་ ལཱ་འབད་ནི་ལུ་ སེམས་ཤུགས་ཐེབས་ཐོབ་ཡོདཔ་ཨིན་པས།

དེ་འབདཝ་ལས་ ལས་མི་ཡིག་ཚང་གི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ ཡོངས་འབྲེལ་ཐོག་ལས་ ཐོ་བཀོད་འབད་མི་ ཡར་སེང་སོང་སྟེ་ཡོད་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།


ཏོ་རི་བ་རི་ལུ་ འབྲུག་མི་ལས་མི་ཚུ་གིས་ གྱང་རྩིག་རྐྱབ་བའི་བསྒང་།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *