ཕུན་ཚོགས་གླིང་སྨན་ཁང་ནང་ སྨན་བཅོས་འབད་བར་འོང་མི་ ནད་གཞི་ཌེང་ཐོབ་མི་ ནདཔ་ཚུ།

ཕུན་ཚོགས་གླིང་ལུ་ ནད་གཞི་ཌེང་གི་ བཀག་ཐབས་འབད་མ་ཚུགས་པར་ཡོདཔ།

༉ ཕུན་ཚོགས་གླིང་སྨན་ཁང་ནང་ ནད་གཞི་ཌེང་གི་ འགོ་དང་པ་སྙན་ཞུ་འབད་དེ་ ཟླཝ་༢ ལང་སོ་རུང་ ནད་གཞི་ཁྱབ་སྤེལ་ཐད་ཁར་ ད་ལྟོ་ཡང་ བཀག་མ་ཚུགས་པར་ཡོདཔ་ད་ ཌེང་གི་ཐོབ་མིའི་གྱངས་ཁ་དེ་ ས་གནས་ནང་ ཡར་སེང་འགྱོ་བཞིན་དུ་ར་ཡོདཔ་ཨིན་པས།
མི་མང་ལུ་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ཡོད་རུང་ ཌེང་གི་ནད་ཐོབ་སྟེ་ སྨན་ཁང་ནང་འོང་མིའི་གྱངས་ཁ་དེ་ ཧ་ལམ་༢,༡༢༡ དེ་ཅིག་ལུ་ ལྷོད་ཡོད་མི་དེ་ སྤྱི་ཟླ་༩ པའི་ཚེས་༡ ལུ་ མི་གྲངས་༡,༨༠༨ དང་ཕྱདཔ་ད་ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།
དེ་མ་ཚད་ ཌེང་གི་ནད་གཞི་བརྟག་དཔྱད་ལྟེ་བ་ཚུ་ནང་ མི་གྲངས་༨༩༤ ཐོ་བཀོད་འབད་མི་དང་འཁྲིལཝ་ད་ ད་རེས་ ཕུན་ཚོགས་གླིང་ལུ་ འབྲུག་མི་དང་ ས་མཚམས་ཁར་ སྡོད་མི་ཚུ་བརྩིས་ཏེ་ བསྡོམས་༣,༠༡༥ ལྷོད་ནུག།
སྨན་ཁང་གི་ས་ཁོངས་ནང་ གནས་སྟངས་དེ་ སྤྱི་ཟླ་༨ པའི་ཟླ་ཕྱེད་ལས་ བསྒྱུར་བཅོས་མ་འགྱོ་བར་ཡོདཔ་ད་ ཕོ་སྐྱེས་དང་ ཨམ་སྲུ་ ཨ་ལོ་ཚུ་གིས་ ཁྲག་བརྟག་དཔྱད་འབད་བའི་ སྙན་ཞུ་ལུ་ སྒུག་སྡོད་སར་ མཐོངམ་ཨིན་པས།
ཌོག་ཊར་འཕྲིན་ལས་དཔལ་བཟང་གིས་ སླབ་མིའི་ནང་ ཕུན་ཚོགས་གླིང་གི་མི་ཚུ་ ད་རེས་ བློ་བདེ་ཏོག་ཏོ་སྦེ་ སྡོདཔ་མས་ཟེར་ཨིནམ་ད་ ནད་གཞི་དེ་ ཁྱབ་སྤེལ་འགྱོ་མིའི་གནད་དོན་ཅིག་ མི་ཚུ་གིས་ གོ་བརྡའི་ལས་རིམ་ཚུ་ནང་ ལེགས་ཤོམ་སྦེ་ གྲལ་གཏོགས་མ་འབད་ནི་དེ་གིས་ཨིནམ་ད་ ནད་གཞི་བཀག་འཛིན་གྱི་དོན་ལུ་ མི་སྡེ་གིས་ གདོང་ཁར་འཐོན་དགོ་ཟེར་ཨིན་པས།
ས་མཚམས་ཁྲོམ་ཁར་ གཟན་དོམ་འཁྱམས་ས་ཚུ་ རྩ་མེད་གཏང་ནིའི་དོན་ལུ་ རྩྭ་ཚུ་བརྫམས་བཏང་ཡོདཔ་ད་ ལས་རིམ་དེ་ནང་ གསོ་བ་དང་ ཁྲོམ་སྡེ་ དྲུང་ཁག་གི་ལས་བྱེདཔ་ བདེ་སྲུངཔ་ གཞུང་དང་སྒེར་གྱི་ ཁས་བླངས་པ་ཚུ་དང་གཅིག་ཁར་ སློབ་ཕྲུག་༡,༩༠༠ གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
གསོ་བའི་ལྷན་ཁག་གི་ མི་མང་གསོ་བའི་ལས་ཁུངས་ཀྱིས་ ཌེང་གི་ནད་གཞིའི་ གནས་སྡུད་ཁྱབ་བསྒྲགས་འབད་མིའི་ནང་ རྒྱལ་ཁབ་ནང་ ཌེང་གི་ནད་ཐོབ་མི་༢,༦༤༠ དེ་ཅིག་ ཡོདཔ་ཨིན་པས།
ལས་ཁུངས་ཀྱི་ ལས་རིམ་གཙོ་འཛིན་འགོ་དཔོན་ རིག་འཛིན་རྒྱ་མཚོ་གིས་ སླབ་མིའི་ནང་ ནད་གཞི་ཐོབ་མི་ ཡོངས་བསྡོམས་ལས་ བརྒྱ་ཆ་༧༧ དེ་ཅིག་ ཕུན་ཚོགས་གླིང་སྨན་ཁང་ནང་ལས་ཨིནམ་ད་ གཙོ་འཛིན་གྱིས་ བཤད་མིའི་ནང་ རྒྱལ་ཁབ་ནང་འཁོད་ཀྱི་ རྫོང་ཁག་༡༩ གི་སྙན་ཞུ་རྐྱངམ་གཅིག་ཨིན་ཟེར་ཨིན་པས།
རྫོང་ཁག་གཞན་ཚུ་ནང་ ཌེང་གི་ནད་གཞི་ཐོབ་མི་ཚུ་ལུ་ ནད་གཞི་མ་ཐོབ་པའི་ཧེ་མར་ ཕུན་ཚོགས་གླིང་ལུ་སོང་བའི་ ལོ་རྒྱུས་ཡོདཔ་ད་ རིག་འཛིན་རྒྱ་མཚོ་གིས་ སླབ་མིའི་ནང་ བུམ་ཐང་རྫོང་ཁག་དེ་ ཌེང་གི་ནད་གཞི་ཐོབ་མིའི་ སྙན་ཞུ་འབད་མི་ རྫོང་ཁག་མཇུག་༢ པ་ཨིནམ་ད་ རྫོང་ཁག་ནང་ ནད་གཞི་ཐོབ་མི་༣ ཆ་ར་ བརྟག་དཔྱད་མ་འབད་བའི་ཧེ་མར་ ཕུན་ཚོགས་གླིང་ལུ་སོང་བའི་ ལོ་རྒྱུས་འདུག་ཟེར་ཨིན་པས།
དེ་མ་ཚད་ རིག་འཛིན་རྒྱ་མཚོ་གིས་ སླབ་མིའི་ནང་ བཀག་འཛིན་གྱི་ལས་སྣ་ཚུ་ འགོ་འདྲེན་འཐབ་རུང་ ཕུན་ཚོགས་གླིང་ལུ་ ཌེང་གི་ཐོབ་མིའི་གྱངས་ཁ་དེ་ མར་འབབ་མི་འགྱོ་དོ་ཡོདཔ་ལས་ ཆར་ཆུའི་དུས་ཚོད་དང་འཁྲིལ་ཏེ་ ཡར་མར་འགྱོཝ་མས་ཟེར་ཨིན་པས།
ཨིན་རུང་ བཀྲིས་གཡང་རྩེ་དོག་གསུམ་ལུ་འབད་བ་ཅིན་ ནད་གཞི་དེ་ ཚད་འཛིན་འབད་ཡོདཔ་ད་ རྫོང་ཁག་ལས་བྱེདཔ་དང་ མི་མང་ལུ་ ནད་གཞི་བཀག་འཛིན་གྱི་ལས་སྣ་ལུ་ གཙོ་བོར་བཏོན་དགོ་པའི་སྐོར་ལས་ སླབ་སྟེ་ཡོད་ཟེར་ རིག་འཛིན་རྒྱ་མཚོ་གིས་ བཤདཔ་ཨིན་པས།
གདོང་ལེན་ཅིག་དེ་ ནད་གཞི་ཐོབ་མི་ བརྒྱ་ཆ་༣༢ དེ་ཅི་ ས་མཚམས་ཁྲོམ་ཁར་སྡོད་མི་ འབྲུག་མི་ཚུ་ཨིནམ་མ་ཚད་ མི་མང་གིས་ གོ་བ་བརྡ་སྤྲོད་དང་ ཉེན་སྲུང་ལུ་ ངོས་ལེན་ལེགས་ཤོམ་སྦེ་ མ་འབད་མི་དེ་ཨིན་ཟེར་ ལས་རིམ་གཙོ་འཛིན་འགོ་དཔོན་གྱིས་ བཤད་ཅི།
མི་མང་གསོ་བའི་ལས་ཁུངས་ཀྱི་ ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ ངོས་ལེན་འབད་མི་ བརྒྱ་ཆ་༥༨ ཀྱིས་ ཁྱིམ་གྱི་མཐའ་འཁོར་ལུ་ཡོད་པའི་ ཧོད་དང་ ཆུ་བསགས་མི་འཁོར་ལོ་ཚུ་ སྟོངམ་སྦེ་བཞག་ཡོདཔ་ད་ བརྒྱ་ཆ་༥༣ གྱིས་ གཟན་དོམ་གྱི་སིལ་རས་ཚུ་ མ་བཀབ་པའི་མངོན་གསལ་བྱུང་ནུག།
གསོ་བའི་ལྷན་ཁག་གིས་ ལྷོ་ཕྱོགས་ཀྱི་ སློབ་གྲྭ་དང་གཙུག་སྡེ་ དེ་ལས་ ཡིག་ཚང་ཚུ་གི་ བརྡ་བྱང་ཚུ་ནང་ སྦྱར་ནིའི་དོན་ལུ་ བརྡ་འཕྲིན་ཚུ་བཀྲམ་སྤེལ་འབད་དོ་ཟེར་ རིག་འཛིན་རྒྱ་མཚོ་གིས་ སླབ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་དང་འཁྲིལཝ་ད་ མི་མང་འཛོམས་ས་དང་ རྒྱང་མཐོང་དང་ བརྡ་བརྒྱུད་ དེ་ལས་ མི་སྡེ་བརྡ་བརྒྱུད་ཚུ་ནང་ གོ་བརྡ་སྤེལ་ཏེ་ཡོད་ཟེར་ཨིན་པས།
ད་རུང་ ལྷན་ཁག་གིས་ གནམ་བྱཱར་ཆརཔ་གི་ དུས་ཚོད་མ་རན་པའི་ཧེ་མར་ གཟན་དོམ་འཁྱམས་ས་ཚུ་ མེདཔ་གཏང་ནིའི་འཆར་གཞི་ བརྩམ་ནིའི་དོན་ལུ་ བློ་སླབ་ཚར་ཡོདཔ་ད་ ཌེང་གི་འཛིན་སྐྱོང་གི་དོན་ལུ་ ལྕོགས་གྲུབ་གོང་འཕེལ་གྱི་ གྲོས་འཆར་བཟོ་ཡོདཔ་མ་ཚད་ འབྲེལ་ཡོད་ལས་སྡེ་ཚུ་གི་བར་ན་ མཉམ་འབྲེལ་ཚུ་ཡང་ ཡར་དྲག་གཏང་ནི་ཨིན་ཟེར་ རིག་འཛིན་རྒྱ་མཚོ་གིས་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *