བསྟན་རྒྱས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ ས་བསླང་རྟེན་འབྲེལ་ བརྩི་སྲུང་འབད་བའི་བསྒང་།

ཕུན་ཚོགས་གླིང་ལུ་ དོ་སྐྱེལ་བཞག་གི་ ས་ཁོངས་འགོ་དང་པ་ བཟོ་སྐྲུན་འབད་ནི།

༉ ཟླ་ངོ་༢༠ གི་ཤུལ་ལས་ ཕུན་ཚོགས་གླིང་ལུ་ འགོ་དང་པ་ཨིན་མི་ དོ་སྐྱེལ་བཞག་འབད་སའི་ ས་ཁོངས་ཆུང་ཀུ་ཅིག་ བཟོ་ནི་ཨིནམ་ལས་ དེ་གི་དོན་ལུ་ ཁ་ཙ་ ས་བསླང་རྟེན་འབྲེལ་འབད་ཡི།
ལས་འགུལ་དེ་ཡང་ ལོ་ངོ་༡༥ གི་ཧེ་མ་ལས་ གྲོས་བསྟུན་འབད་མི་དང་ ས་དང་འབྲེལ་བའི་ ཉོགས་བཤད་ཐོན་པའི་ཤུལ་ལས་ ད་རེས་ བཟོ་སྐྲུན་འབད་ནི་ཨིནམ་ད་ བཟོ་སྐྲུན་འབད་ཚར་བའི་ཤུལ་ལས་ ས་ཁོངས་ནང་ སྣུམ་འཁོར་ཊཱག་༤༥ དེ་ཅིག་ ཤོང་ནི་ཨིནམ་ལས་ ཁྲོམ་ཁར་ སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་ཡོད་མི་དེ་ཡང་ སེལ་ཚུགས་ནི་ཨིན་པས།
དེ་མ་ཚད་ ས་ཁོངས་དེ་ བཟོ་ཚར་བའི་ཤུལ་ལས་ ཚོང་འབྲེལ་འཐབ་མི་ སྣུམ་འཁོར་ཚུ་ དེ་ནང་ལས་ འགྱོ་དགོ་ནི་དེ་གིས་ ཅ་དམ་ལས་ཁུངས་ཀྱིས་ དོ་ནང་འདྲེན་དང་ ཕྱིར་བཙོང་འབད་མི་ཚུ་གི་དོན་ལུ་ ཉོགས་མེད་ཡིག་ཆ་བྱིན་པའི་སྐབས་ དཀའ་ངལ་ཡོད་མི་དེ་ཡང་ སེལ་ཚུགས་ནི་ཨིན་པས།
ལས་འགུལ་དེ་ཡང་ ཕུན་ཚོགས་གླིང་ཁྲོམ་སྡེ་དང་ ལྷོ་ཨེ་ཤི་ཡན་ལུང་ཕྱོགས་ཀྱི་ དཔལ་འབྱོར་མཉམ་འབྲེལ་ལས་འགུལ་གྱི་ ཆ་ཤས་ཅིག་ཨིནམ་ད་ དེ་གི་དོན་ལུ་ དངུལ་ཀྲམ་ས་ཡ་༡༣༤.༨༥ གནས་ནི་ཨིན་པས།
ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གིས་ ལས་འགུལ་དེ་གི་དོན་ལུ་ ཟད་འགྲོ་ཡོངས་བསྡོམས་ལས་ བརྒྱ་ཆ་༨༡ དེ་ཅིག་ གྲོགས་རམ་སྦེ་ བཙུགས་དོ་ཡོདཔ་ད་ ལྷག་ལུས་བརྒྱ་ཆ་༡༩ གཞུང་གིས་བྱིན་དོ་ཡོདཔ་ད་ ཕུན་ཚོགས་གླིང་ཁྲོམ་སྡེ་གིས་ ལྟ་རྟོག་འབད་དོ་ཡོདཔ་ཨིན་པས།
ས་བསླང་རྟེན་འབྲེལ་སྐབས་ བསྟན་རྒྱས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ སྣུམ་འཁོར་གྱི་གྱངས་ཁ་ ཡར་སེང་འགྱོ་མི་དང་བསྟུན་ དོ་བཞག་སའི་ས་ཁོངས་བཟོ་ནི་དེ་ དུས་མཐུན་ཨིན་ཟེར་བཤད་ཡོདཔ་ད་ བློན་པོ་གིས་ རྒྱལ་ཁབ་ནང་ ཚོང་འབྲེལ་བརྒྱ་ཆ་༦༠༠ གིས་ ཡར་སེང་སོང་སྟེ་ཡོད་ཟེར་ བཤད་ཡོདཔ་ཨིན་པས།
རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་ཚད་དེ་ རྒྱལ་ཁབ་༡༦༠ ཡོད་ས་ལས་༡༣༥ གུ་ ལྷོད་ཡོདཔ་ད་ གཞུང་གིས་འབད་རུང་ རྒྱལ་ཁབ་ནང་ བཟོ་སྐྲུན་ཚུ་འབད་ནིའི་དོན་ལུ་ གཙོ་རིམ་བྱིན་དོ་ཟེར་བཤད་ཡོདཔ་ད་ ལས་འགུལ་དེ་གིས་ རྒྱལ་ཁབ་ནང་ དཔལ་འབྱོར་གྱི་གནས་སྟངས་ ཡར་དྲག་གཏང་ཚུགས་ཟེར་ཨིན་པས།
ས་ཆ་ཨེ་ཀར་༥.༤ ནང་ བཟོ་སྐྲུན་འབད་ནི་ཨིན་མི་ ལས་འགུལ་དེ་ ཇ་པཱན་གྱི་ བཟོ་སྐྲུན་ལས་སྡེ་ མ་རུ་ཤཱིན་ ཤི་ཏ་ཀ་བཟོ་སྐྲུན་ལས་སྡེ་ལུ་ ཁག་འབག་སྤྲོད་ཡོདཔ་ད་ ལས་འགུལ་གྱི་བཟོ་བཀོད་ཚུ་ཡང་ ཁག་འབགཔ་གིས་བཟོ་སྟེ་ གནང་བ་ཐོབ་པའི་ཤུལ་ལས་ བཟོ་སྐྲུན་འབད་ནི་ཨིན་པས།
བསྟན་རྒྱས་ལས་ཁུངས་ཀྱི་མདོ་ཆེན་ བསོད་ནམས་བསྟན་འཛིན་གྱིས་ ལས་འགུལ་དེ་གིས་ རྒྱལ་ཁབ་ཀྱི་ ཚོང་འབྲེལ་འཐབ་མི་ཚུ་གི་དོན་ལུ་ ཕན་ཐོགས་སྦོམ་འབྱུང་འོང་ཟེར་ཨིནམ་ད་ དེ་གི་ནང་ལས་ཡང་ ས་མཚམས་བདའ་སྟེ་ ཚོང་འབྲེལ་འཐབ་པའི་སྐབས་ ཁེ་ཕན་འབྱུང་འོང་ཟེར་ཨིན་པས།
བསོད་ནམས་བསྟན་འཛིན་གྱིས་འབད་བ་ཅིན་ སོ་ནམ་པ་ཚུ་གིས་ ས་ཁོངས་ནང་ དངུལ་ཐོག་ཚལ་ལུ་དང་ ཀེ་བ་ དེ་ལས་ ཨ་ལཱན་ཅི་གི་རིགས་ཚུ་ མེདཔ་མ་འགྱོཝ་སྦེ་ བཞག་ཚུགས་ཟེར་ཨིནམ་ད་ ས་ཁོངས་དེ་ནང་ སྣུམ་འཁོར་ཚུ་ ལྟ་རྟོག་འབད་མི་དང་ ལྗིད་ཚད་འཇལ་ས་ འོང་ནི་ཨིན་པས།
ས་ཁོངས་དེ་ཡང་ ཕུན་ཚོགས་གླིང་གི་ འཛུལ་སྒོ་༢ པ་ལས་ ཇའི་སྒང་གི་ས་གནས་ བ་བུ་བ་ཛར་ཟེར་མི་ལས་ མཐུད་སྦྲེལ་འབད་ནི་ཨིན་པའི་གནས་ཚུལ།

About admin

Check Also

མདའ་རྩེད་དེ་ སྲོས་ཀྱི་མི་སེར་ཚུ་གི་དོན་ལུ་ སྤྲོ་སྟོན་འབད་ནིའི་ དུས་ཚོད་ཅིག་ཨིནམ།

༉ ལ་གོང་གསུམ་གྱི་ མི་སེར་ཚུ་གི་དོན་ལུ་ ཕམ་སྤུན་ཆ་འཛོམས་ཏེ་ སྤྲོ་བ་སྟོན་ནིའི་ དུས་ཚོད་བཟང་པོ་ཅིག་ མདའ་རྩེད་འགྲན་བསྡུར་འབད་ནི་དེ་ཨིན་པས། དེ་འབདཝ་ལས་ ཁ་ཙ་ ཐིམ་ཕུག་སྲོས་རྒེད་འོག་ནང་ ཁཝ་འགོ་དང་པ་རྐྱབ་ཡོདཔ་ལས་ གྱང་ཤུགས་ཆེ་བའི་ཁར་ ཆརཔ་གིས་སྦང་རུང་ མདའ་རྩེདཔ་ཚུ་ལུ་ ཧེང་སྐལ་ར་ …

Leave a Reply

Your email address will not be published. Required fields are marked *