ཕུན་ཚོགས་གླིང་ལུ་ དེང་སང་གི་ རྐང་འགྲུལཔ་ཐོན་འཛུལ་ས་ཁོངས་ སྒོ་འབྱེད་འབད་ཡོདཔ།

༉ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ སྤྱི་ཟླ་༩ པའི་ཚེས་༡༩ ལུ་ ཕུན་ཚོགས་གླིང་གི་ རྐང་འགྲུལཔ་ཐོན་འཛུལ་ས་ཁོངས་ སྒོ་འབྱེད་འབད་ཡོདཔ་བཞིན་དུ་ བློན་ཆེན་གྱིས་ བཤད་མིའི་ནང་ ཚེས་༢༣ ལས་འགོ་བཙུགས་ རྐང་འགྲུལཔ་ཐོན་འཛུལ་ས་ཁོངས་ནང་ ཕྱི་མི་ནང་སྐྱོད་ཀྱི་ བཅའ་ཡིག་དང་ སྒྲིག་གཞི་དང་འཁྲིལ་ ལག་ལེན་འཐབ་ནི་ཨིནམ་ལས་ ལམ་ལུགས་དེ་ ད་རེས་ནངས་པར་ གསརཔ་བཟོ་བཟོཝ་མེན་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཧེ་མ་ལས་ཡོད་པའི་ བཅའ་ཡིག་དེ་ ཡར་དྲག་བཏང་ཐོག་ལས་ ཁྱད་རིག་དང་ལྡནམ་སྦེ་ བཟོ་བཟོཝ་མ་གཏོགས་ ལམ་ལུགས་གསརཔ་མེན་ཟེར་ཨིནམ་ད་ ད་རེས་ ལག་ལེན་འཐབ་པའི་སྐབས་ སྟབས་མ་བདེཝ་ བྱུང་སྲིད་ནི་ཨིན་རུང་ དེ་གིས་ རྒྱལ་ཁབ་དང་ ཕུན་ཚོགས་གླིང་གི་ཁྲོམ་ཚོགས་ལུ་ ཁེ་ཕན་དང་ མ་འོངས་པ་ལུ་ ལྷན་ཐབས་སྦོམ་ར་ འབྱུང་ཚུགས་ཟེར་ཨིན་པས།

བློན་ཆེན་གྱིས་ རྒྱ་གར་གཞུང་དང་ མི་སྡེ་ གཞུང་ཚབ་ ཨིམ་ཊཱཊ་ དེ་ལས་ དཱན་ཌག་ལས་འགུལ་གྱིས་ ལོ་༢ ཀྱི་རིང་ རྒྱབ་སྐྱོར་དང་ ངོས་ལེན་འབད་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ བཤད་ཡོདཔ་ཨིན་པས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཀོ་བིཌ་-༡༩ ཐོན་མི་ལུ་བརྟེན་ འབྲུག་རྒྱལ་ཁབ་དེ་ མདུན་ལམ་གསརཔ་ཅིག་ནང་འཛུལ་ཡོདཔ་ལས་ རྒྱལ་ཁབ་ཀྱིས་ ཀོ་བིཌ་-༡༩ ལུ་ གདོང་ལེན་འབདཝ་མ་ཚད་ དུས་ཚོད་ཀྱི་ཁྱད་པར་ཡོདཔ་མ་གཏོགས་ ནད་ཡམས་གསརཔ་གི་དོན་ལུ་ཡང་ གྲ་སྒྲིག་འབད་ཚུགས་ཅི་ཟེར་ཨིན་པས།

བློན་ཆེན་གྱིས་ ད་རེས་ ཀོ་བིཌ་-༡༩ དེ་ མཐར་འཁྱོལ་ཅན་ཅིག་སྦེ་ གདོང་ལེན་འབད་ཚུགསཔ་ལས་ འབྲུག་རྒྱལ་ཁབ་དེ་ མིག་དཔེ་བཟང་པོ་ཅིག་ལུ་གྱུར་ཡོདཔ་ད་ རྫོང་ཁག་གཞན་ཚུ་ནང་ ཞི་བདེའི་ཐོག་ལུ་ སྡོད་ཚུགས་མི་ཚུ་དེ་ གཙོ་བོ་ར་ ཕུན་ཚོགས་གླིང་ལུ་ སྡོད་མི་ཚུ་གིས་ རྩ་འགེངས་མི་ལུ་བརྟེན་ཨིནམ་ལས་ བཀྲིན་དགའ་ཚོར་ཡོད་ཟེར་ཨིན་པས།

ས་མཚམས་ཁྲོམ་ཁར་ རྐང་འགྲུལཔ་ཐོན་འཛུལ་ས་ཁོངས་ སྒྲིང་སྒྲི་བཟོ་མི་ལུ་ ས་གནས་ཀྱི་ མི་སེར་ཚུ་གི་ ཁ་ཐུག་ལས་ ངོས་ལེན་སྦོམ་ཡོདཔ་མ་ཚད་ དེ་གིས་ བསྒྱུར་བཅོས་ཡང་ འགྱོ་ཚུགས་ཟེར་ཨིན་པས།

འབྲུག་པའི་ཆོག་ཐམ་གུ་ ཚོང་རྐྱབ་སྡོད་མི་ རྒྱ་གར་གྱི་ མི་ཁུངས་ཅིག་གིས་ སླབ་མིའི་ནང་ ཐོན་འཛུལ་ས་ཁོངས་ཀྱིས་ ཇའི་སྒང་དང་ ཕུན་ཚོགས་གླིང་གི་ མི་སེར་༢ པོ་ཆ་ར་ལུ་ ཉེན་སྲུང་འབད་ཚུགས་པའི་ཁར་ ཧེ་མ་འབད་བ་ཅིན་ ཇའི་སྒང་གི་ མི་ཚུ་གིས་ ཁྲིམས་འགལ་གྱི་བྱ་ལས་འཐབ་སྟེ་ ཕུན་ཚོགས་གླིང་ལུ་ གཡིབ་སྡོདཔ་མས་ཟེར་ཨིན་པས།

ད་ལས་ཕར་ ཧེ་མ་བཟུམ་སྦེ་ ག་ལྷོད་འབད་མི་ཚུགས་ནི་ཨིནམ་ད་ ནག་དངུལ་དང་འབྲེལ་བའི་ དཀའ་ངལ་དང་ ས་མཚམས་ཁྲོམ་ཁར་ ཁྲིམས་འགལ་ཐོག་ རུ་པི་ཉོ་སྒྲུབ་ཀྱི་ གནད་དོན་ཚུ་སེལ་ཏེ་ ད་ལས་ཕར་ དངུལ་ཀྲམ་གྱི་ གནས་གོང་ཐོབ་ཚུགས་ཟེར་ཨིན་པས།

ཕུན་ཚོགས་གླིང་ལུ་སྡོད་མི་ རྣམ་རྒྱལ་གྱིས་ སླབ་མིའི་ནང་ རྐང་འགྲུལཔ་ཐོན་འཛུལ་ས་ཁོངས་དེ་ ཕན་ཐོགས་ཅན་ཅིག་ཨིནམ་ད་ ལམ་ལུགས་དེ་ གསརཔ་མེན་པའི་ཁར་ བཅའ་ཡིག་ལག་ལེན་གྱི་དོན་ལུ་ འབྲེལ་ཡོད་ལས་སྡེ་ཚུ་གིས་ རྩ་འགེངས་དགོ་ཟེར་ཨིན་པས།

མ་གཞི་ རྐང་འགྲུལཔ་ཐོན་འཛུལ་ས་ཁོངས་ཀྱིས་ མི་སྡེ་དཔལ་འབྱོར་ལུ་ བསྒྱུར་བཅོས་སྦོམ་འབག་ཚུགས་ནི་དང་ འབྲུག་མི་ལ་ལོ་ཅིག་གིས་ ཁྲལ་མེད་དངུལ་ཀྲམ་༣,༠༠༠ ཚུན་གྱི་ ཉོ་ཚོང་རྐྱབ་པར་ ས་མཚམས་ཕྱི་ཁར་ འགྱོ་ནིའི་གོ་སྐབས་ཡོདཔ་ལས་ དེ་གིས་ ཇའི་སྒང་གི་ཚོང་པ་ཚུ་ལུ་ཡང་ ལྷན་ཐབས་འབྱུང་ཚུགས་ཟེར་ཨིན་པས།

ལམ་ལུགས་གསརཔ།

སྤྱི་ཟླ་༩ པའི་ཚེས་༢༣ ལས་ ས་མཚམས་འཛིན་སྐྱོང་དང་ ཚད་འཛིན་ལམ་ལུགས་ དེ་ལས་ དགོས་མཁོ་དང་འཁྲིལ་ཏེ་ རྐང་འགྲུལཔ་ཐོན་འཛུལ་ས་ཁོངས་ནང་ ཕྱི་མི་དང་ འབྲུག་མི་ག་ར་ ཡིག་ཆ་ཚུ་ ཞིབ་དཔྱད་འབད་ནི་ཨིན་པས།

རྒྱ་གར་གྱི་མི་ཚུ་ རང་སོའི་ངོས་འཛིན་ཡིག་ཆ་ངོ་སྤྲོད་ལག་ཁྱེར་ ཡང་ཅིན་ ཚོགས་རྒྱན་འདྲ་པར་གསལ་སྟོན་དང་ ཕྱི་མི་ནང་སྐྱོད་ སྒྲིག་རིམ་མཇུག་བསྡུ་བའི་ཤུལ་ལས་ ཕུན་ཚོགས་གླིང་ལུ་ འོང་བཅུག་ནི་ཨིན་པས།

ཁོང་ཆ་ཁྱབ་ཡང་ རིན་ཆེན་སྡིངས་ལྷ་ཁང་ཚུན་ ལྟ་སྐོར་འབད་ཆོག་ནི་ཨིན་རུང་ གལ་སྲིད་ དེ་ལས་བརྒལ་འགྱོ་བ་ཅིན་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བྱིན་དགོ་པའི་ཁར་ ལུང་ཕྱོགས་ཕྱི་མི་ནང་སྐྱོད་ཡིག་ཚང་ལས་ ཆོག་ཐམ་ ཡང་ཅིན་ གནང་བ་ལེན་དགོཔ་ཨིན་པས།

སྐབས་ཐོབ་ཀྱི་ ལྟ་སྐོརཔ་ཚུ་ ཕུན་ཚོགས་གླིང་ལུ་ ཞག་སྡོད་པ་ཅིན་ ཡུན་བརྟན་གོང་འཕེལ་གྱི་འཐུས་ སྤྲོད་དགོ་པའི་ཁར་ རྒྱ་གར་གྱི་ སྣུམ་འཁོར་ཚུ་ ངོས་འཛིན་འབད་བའི་ ས་ཁོངས་ནང་ འཐུས་མ་ཕོགཔ་སྦེ་ འགྱོ་ཆོག་ནི་ཨིན་པས།

གལ་སྲིད་ སྣུམ་འཁོར་ཚུ་ ངོས་འཛིན་འབད་བའི་ ས་ཁོངས་ལས་ བརྒལ་ཏེ་འགྱོ་བ་ཅིན་ ཉིན་བསྟར་ དངུལ་ཀྲམ་༤,༥༠༠ རེ་ སྤྲོད་དགོཔ་ཨིན་པས།

ས་མཚམས་ཕྱི་ཁའི་ ཉིན་བསྟར་ལཱ་འབད་མི་ ལས་མི་ཚུ་ཡང་ ཕུན་ཚོགས་གླིང་དང་ ས་མཚམས་ཁྲོམ་གཞན་ཚུ་ནང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ མ་ཕོགཔ་སྦེ་ ལཱ་འབད་ཆོག་ནི་ཨིན་པས།

ཨིན་རུང་ ལས་མི་ཚུ་གིས་ ལས་མི་ལས་ཁུངས་ལས་ ཉིན་བསྟར་གྱི་ ལས་མི་སྦེ་ ལཱ་འབད་ཆོག་པའི་ གནང་བ་ལེན་དགོཔ་ད་ ཕྱི་མི་ལས་མི་ཚུ་ ཀོ་བིཌ་-༡༩ གི་ ནད་བཀག་སྨན་ཁབ་ ཐུན་ཚད་༢ པ་བཙུགས་ཡོད་པའི་ ངེས་བརྟན་བཟོ་དགོཔ་ཨིན་པས།

འཛུལ་བཞུགས་དེ་ དྲོ་པ་ཆུ་ཚོད་༦ ལས་ ནུབ་མོ་ཆུ་ཚོད་༡༡ ཚུན་ བཞག་ནི་ཨིནམ་ད་ ཉིན་བསྟར་གྱི་ ལས་མི་ཚུ་ ཕུན་ཚོགས་གླིང་ལུ་ ཞག་སྡོད་མ་ཆོགཔ་སྦེ་ ལཱ་བྱིན་མི་གིས་ ངེས་བརྟན་བཟོ་དགོཔ་ཨིན་རུང་ ཚུལ་མཐུན་མ་འབད་བ་ཅིན་ འབྲེལ་ཡོད་༢ ཆ་ར་ལུ་ ཕྱི་མི་ནང་སྐྱོད་བཅའ་ཡིག་དང་ སྒྲིག་གཞི་དང་འཁྲིལ་ ཉེས་བྱ་བཀལ་ནི་ཨིན་པས།

རྒྱལ་ཁབ་ནང་འཛུལ་མི་ རྒྱུན་འགྲུལ་འཐབ་མི་ཚུ་ ཀོ་བིཌ་-༡༩ གི་ བརྟག་དཔྱད་འབད་མི་དགོ་ནི་ཨིན་རུང་ ཀོ་བིཌ་-༡༩ གི་ ནད་འབུབ་གསརཔ་ འཛིན་སྐྱོང་འབད་ནིའི་དོན་ལུ་ འབྲུག་ལུ་འཛུལ་མི་ སྐྱེས་ལོ་༡༢ ཡན་ཆད་འབད་མི་ ཚུ་ འཛུལ་སྒོ་དང་ ལཱ་གི་ས་ཁོངས་ནང་ ག་ཚུད་ཐོག་ ཨར་ཊི་-པི་སི་ཨར་གྱི་ བརྟག་དཔྱད་འབད་དགོཔ་ཨིན་པས།

ཨར་ཊི་-པི་སི་ཨར་གྱི་ བརྟག་དཔྱད་དེ་ཡང་ རིན་མེད་སྟོང་པ་སྦེ་ བྱིན་ནི་ཨིནམ་ད་ གལ་སྲིད་ བརྟག་དཔྱད་འབད་བའི་སྐབས་ ནད་འབུབ་ཡོདཔ་སྦེ་ བདའ་ཟུན་པ་ཅིན་ ཉིན་གྲངས་༥ འི་རིང་ ཟུར་བཞག་ནང་ སྡོད་དགོཔ་ཨིན་པས།

རྐང་འགྲུལཔ་ཐོན་འཛུལ་ས་ཁོངས།

རྒྱལ་སྤྱི་གནས་ཚད་ཀྱི་ རྐང་འགྲུལཔ་ཐོན་འཛུལ་ས་ཁོངས་དེ་ གཞུང་གིས་ དངུལ་ཀྲམ་ས་ཡ་༡༨༣ བཏང་ཐོག་ལས་ རྐྱབ་ཡོདཔ་ད་ ས་ཁོངས་ནང་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དེང་སང་གི་ མཐུན་རྐྱེན་ཚུ་ སྤྱོད་ཚུགས་ནི་ཨིན་པས།

ས་ཁོངས་ནང་ མཐུན་རྐྱེན་གཞན་ རླུང་འཛུལ་དང་ ལོགས་སུ་སྦེ་ མི་སྡོད་ས་ གསང་སྤྱོད་ ལྟ་བཤལཔ་ཚུ་གི་དོན་ལུ་ ཉོགས་མེད་འབྲེལ་སྟེགས་ལ་སོགས་པ་ཚུ་ བཙུགས་ཏེ་ཡོདཔ་ད་ སྤྱིར་བཏང་ ཐོན་འཛུལ་ས་ཁོངས་ནང་ ཕྱི་མི་ནང་སྐྱོད་ཉོགས་མེད་ འབྲེལ་སྟེགས་ཡང་ ལངམ་སྦེ་ར་བཙུགས་ཏེ་ ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *