ཨམ་སྲུ་ཚུ་གིས་ རང་སོའི་མཐའ་སྐོར་ སེལ་བའི་བསྒང་།

ཕུན་ཚོགས་གླིང་ལུ་ དར་ཁྱབ་སོང་མི་ ཚད་ནད་ཌེང་གི་ བཀག་འཛིན་འབད་མ་ཚུགས་པར་ཡོདཔ།

༉ ཕུན་ཚོགས་གླིང་ལུ་ ཚད་ནད་ཌེང་གི་ཐོན་མི་དེ་ ད་ལྟོ་ཡང་ བཀག་འཛིན་འབད་མ་ཚུགས་པར་ཡོདཔ་ད་ སྤྱི་ཟླ་༨ པའི་ཚེས་༢༤ ཚུན་གྱི་ གནས་སྡུད་དང་འཁྲིལཝ་ད་ ནད་གཞི་ཐོབ་མིའི་གྱངས་ཁ་༡,༤༦༨ ལུ་ ལྷོད་ཡོདཔ་ཨིན་པས།
སྤྱི་ཚེས་༢༠ ལུ་ ཕུན་ཚོགས་གླིང་སྨན་ཁང་ནང་ ནད་གཞི་ཐོབ་མི་༡,༢༣༩ ཐོ་བཀོད་འབད་ཡོདཔ་ད་ ད་ལྟོ་ བཀག་འཛིན་གྱི་ ཐབས་ཤེས་ཚུ་ བཏོན་པའི་བསྒང་ཡོདཔ་ཨིན་པས།
སྤྱི་ཚེས་༢༤ ལུ་ ཁྲོམ་སྡེའི་ནང་འཁོད་ལུ་ གཟན་དོམ་འཁྱམས་ས་ མེདཔ་གཏང་ནིའི་དོན་ལས་ ཕྱགས་བདར་ལས་རིམ་ འགོ་འདྲེན་འཐབ་ཡོདཔ་ད་ དེ་བསྒང་ སློབ་ཕྲུག་ཚུ་ལུ་ ནད་གཞི་དེ་གོ་སྐོར་ལ་ གོ་བརྡ་ཚུ་ སྤྲོད་ཅི་ཟེར་ དྲུང་ཁག་གསོ་བའི་འགོ་དཔོན་ པ་སངས་ཚེ་རིང་གིས་ སླབ་ཨིན་པས།
ནད་གཞི་དེའི་སྐོར་ལས་ བརྡ་དོན་ཚུ་ བདུན་ཕྲག་རེ་ནང་ ཐེངས་གཉིས་རེ་ ལྷག་བྱིན་དོ་ཟེར་ ཁོ་གིས་ བཤད་པའི་ཁར་ གཟན་དོམ་བསད་ནི་གི་སྨན་ ཕཱོག་གིང་ཐར་མཱལ་ཟེར་མི་དེ་ ཡར་སེང་འབད་ཡོདཔ་མ་ཚད་ བསམ་རྩེ་དང་ དགེ་ལེགས་ཕུག་ལས་ ཕཱོག་གིང་ཐར་མཱལ་འཕྲུལ་ཆས་༤ ཐེབས་ཉོ་ཡི་ཟེར་ བཤདཔ་ཨིན་པས།
པ་སངས་ཚེ་རིང་གིས་ སླབ་མིའི་ནང་ ཁྱིམ་སྒོ་བཤལ་ཐོག་ལས་ ཁྱིམ་ནང་སྡོད་མི་ཚུ་ལུ་ གོ་བརྡ་དང་ ལྟ་རྟོག་ཚུ་ཡང་ འབད་ཡི་ཟེར་ཨིནམ་ད་ ད་རེས་ཀྱི་ བདུན་ཕྲག་ནང་ ཁྲོམ་སྡེ་ནང་འཁོད་དང་ ཉེ་འདབས་ཀྱི་ ས་ཁོངས་ཚུ་ནང་ ཌེང་གི་གི་སྐོར་ལས་ བརྡ་བྱང་ཚུ་ དཔྱང་འོང་ཟེར་ཨིན་པས།
ཕུན་ཚོགས་གླིང་སྨན་ཁང་གི་ ཌོག་ཊར་ལས་འཕྲོ་གིས་ བཤད་མིའི་ནང་ ད་རུང་ མི་ལུ་ཤི་རྐྱེན་བྱུང་པའི་སྙན་ཞུ་ མ་ལྷོད་རུང་ ནད་གཞིའི་གནས་སྟངས་ལུ་ བསྒྱུར་བཅོས་མིན་འདུག་ཟེར་ཨིན་པས།
མི་ཚུ་གིས་ སྒེར་གྱི་ནད་གཞི་བརྟག་དཔྱད་ཁང་ཚུ་ནང་ འགྱོ་དོ་ཡོདཔ་ལས་ ནད་གཞི་ཐོབ་མིའི་ གྱངས་ཁ་དེ་ མང་སུ་འོང་ནི་ཨིནམ་ད་ ཕུན་ཚོགས་གླིང་ལུ་ ནད་གཞི་བརྟག་དཔྱད་ཁང་གི་ཇོ་བདག་ བསོད་ནམས་ཚེ་དབང་གིས་ སླབ་མིའི་ནང་ མི་ཚུ་ ད་ལྟོ་ཡང་ བརྟག་དཔྱད་འབད་བར་ འོང་ནི་འདུག་ཟེར་ཨིན་པས།
ཁོ་གིས་ ནད་འབུབ་དེ་ དར་ཁྱབ་སོང་ཡོདཔ་ལས་ བཀག་ཐབས་འབད་ནི་ལུ་ ལཱ་ཁག་འོང་ཟེར་ བཤད་པའི་ཁར་ མི་ཚུ་གིས་ བཀག་ཐབས་ཀྱི་ ཐབས་ཤེས་ཚུ་ བཏོན་དགོ་ཟེར་ཨིན་པས།
ཕུན་ཚོགས་གླིང་སྨན་ཁང་ནང་ འགོ་དང་པ་ར་ སྤྱི་ཟླ་༧ པའི་ཚེས་༥ ལུ་ ནད་གཞི་དེ་གི་སྙན་ཞུ་ ལྷོད་ཡོདཔ་ད་ ཟླཝ་དེ་གི་ མཇུག་ཁམས་ལུ་ མི་༤༦༨ ཀྱིས་ ནད་ཐོབ་ཡོད་པའི་ ཐོ་བཀོད་འབད་བའི་ཤུལ་ལས་ གྱངས་ཁ་དེ་ མགྱོགས་དྲགས་སྦེ་ ཡར་སེང་སོང་ཡོདཔ་ཨིན་པས།
བདུན་ཕྲག་ཨ་རྟག་ར་ ཆརཔ་རྐྱབ་མི་དེ་གིས་ གཟན་དོམ་འཁྱམས་ས་གསརཔ་ བཟོ་དོ་ཡོདཔ་ལས་ ད་རེས་དར་ཁྱབ་མ་འགྱོ་བའི་ཧེ་མར་ སྤྱི་ལོ་༢༠༡༦ ལུ་༨༥༧ གྱིས་ ནད་གཞི་དེ་ཐོབ་ཡོད་རུང་ ཤི་རྐྱེན་གྱི་ ཐོ་མེདཔ་ཨིན་པས།
དུས་ཅི་ ནད་གཞི་དེ་ལས་བརྟེན་ མི་༢ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ནད་གཞི་དེ་གི་ རྟགས་མཚན་ཚུ་ཡང་ གཟན་དོམ་གྱིས་ སོ་བཏབ་སྟེ་ ཉིནམ་གསུམ་དང་༡༤ གི་བར་ན་ དྲོད་འབར་ནི་ མགུ་ཏོ་ན་ནི་ དེ་ལས་ མིག་ཏོ་གི་ རྒྱབ་ལས་ན་ནི་དང་ རྐང་ཚིགས་ལག་ཚིགས་ཚུ་ན་ནི་ གཟུགས་པགས་གུ་ རྨ་ཆུང་ཀུ་རེ་འཐོན་ནི་ ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *