བཟོ་སྐྲུན་འབད་ཚར་མི་ སྒྲིང་ཁྱིམ་ཚུ།

ཕུན་ཚོགས་གླིང་ལུ་ ཁང་ཚན་ཚུ་ བགོ་བཀྲམ་འབད་ནི་ལུ་ གྲ་སྒྲིག་ཡོདཔ།

༉ འབྲུག་མི་ས་མཚམས་བདའ་སྟེ་སྡོད་མི་དང་ སྡོད་ཁྱིམ་མ་ལང་པའི་ དཀའ་ངལ་སེལ་ཐབས་དོན་ལུ་ ཕུན་ཚོགས་གླིང་ལུ་ སྡོད་ཁྱིམ་བཟོ་སྐྲུན་གྱི་ལཱ་ཚུ་ འགོ་བཙུགས་ཏེ་ ལོ་༢ དེ་ཅིག་ ལང་ཡོདཔ་བཞིན་དུ་ གོ་རིམ་དང་པའི་ ལས་འགུལ་གྱི་ཁང་ཚན་ཚུ་ བགོ་བཀྲམ་འབད་ནིའི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ་ཨིན་པས།
ཤུལ་མའི་ཟླཝ་ནང་ ཁང་ཚན་༢༩༦ གྲ་སྒྲིག་འགྱོ་ནི་ཨིནམ་ལས་ ཁང་ཚན་ཚུ་ སྤྱི་ཟླ་༧ པ་དང་༨ པའི་ནང་ བགོ་བཀྲམ་འབད་ནིའི་ འཆར་གཞི་ཡོདཔ་ད་ སྒྲིང་ཁྱིམ་བཟོ་སྐྲུན་གྱི་ལཱ་ཚུ་ སྤྱི་ལོ་༢༠༡༦ ལུ་ ཁག་འབགཔ་༧ ལུ་ བགོ་བཀྲམ་འབད་ཡོདཔ་ཨིན་པས།
ཅམ་ཀུ་ནང་ཁ་ཐུག་ ཏུར་ས་ལུ་ཡོད་མི་ སྒྲིང་ཁྱིམ་༥ ཧ་ལམ་ ལཱ་བརྒྱ་ཆ་༩༩ དེ་ཅིག་ མཇུག་བསྡུ་ཡི་ཟེར་ ས་ཁོངས་ནང་སྡོད་མི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ས་ཆ་ཨེ་ཀར་༡༣.༥༦ ནང་ བཟོ་སྐྲུན་འབད་མི་ སྒྲིང་ཁྱིམ་༦༢ ནང་ བསྡོམས་ཁང་ཚན་༥༠༦ ཡོདཔ་ད་ ལས་འགུལ་གྱི་ དུས་ཡུན་དེ་ ཟླཝ་༡༨ ཨིན་པས།
ལས་འགུལ་གོ་རིམ་༢ པའི་ནང་ ཁང་ཚན་༢༡༠ དེ་ སྤྱི་ཟླ་༩ པའི་ནང་ གྲ་སྒྲིག་འགྱོ་ནི་ཨིནམ་བཞིན་དུ་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ སྤྱི་ལོ་༢༠༡༧ གྱི་ཟླཝ་༤ པ་ལས་ ལས་འགུལ་འགོ་བཙུགས་ཡོདཔ་ཨིན་པས།
ཇའི་སྒང་ལུ་ འབྲུག་མི་༣,༠༠༠ དེ་ཅིག་ སྡོད་མི་ཚུ་ལུ་ གཙོ་རིམ་བྱིན་ནི་ཨིནམ་ད་ དུས་ཅི་ སྤྱི་ཟླ་༡ པའི་ཚེས་༨ ཚུན་ སྡོད་ཁྱིམ་གྱི་དོན་ལུ་ ལས་འཛིན་ནང་ ཞུ་ཡིག་༡,༢༥༩ དེ་ཅིག་ བཙུགས་ཡོདཔ་ལས་ ཁང་ཚན་ཚུ་ ག་ར་ལུ་ མི་ལང་ནི་ཨིན་མི་ལུ་བརྟེན་ ལམ་ལུགས་དང་ ཁྱད་ཚད་ཚུ་ བཟོ་ཡོདཔ་ཨིན་པས།
ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ འཕྲིན་ལས་རྡོ་རྗེ་གིས་ སླབ་མིའི་ནང་ ཁང་ཚན་བགོ་བཀྲམ་གྱི་དོན་ལུ་ འཐུས་མི་༧ འབད་མི་ ཚོགས་ཆུང་ཅིག་ གཞི་བཙུགས་འབད་ཡི་ཟེར་ཨིནམ་ད་ ལས་འཛིན་གྱི་ ལམ་ལུགས་དང་ སྒྲིག་གཞི་དང་འཁྲིལ་ བགོ་བཀྲམ་འབད་ནི་ཨིནམ་ལས་ ཁྱད་ཚད་དེ་ ཚོགས་ཆུང་གིས་ ད་རེས་ཀྱི་ ཟླ་མཇུག་ལུ་ ཐད་གཅད་འོང་ཟེར་ཨིན་པས།
ཞི་གཡོགཔ་དང་ ལས་འཛིན་ནང་ལཱ་འབད་མི་ བཟོ་གྲྭ་འཕྲུལ་ཁང་ཚུ་ནང་ལཱ་འབད་མི་ སྒེར་སྡེའི་ལས་བྱེདཔ་ དེད་གཡོགཔ་ དེ་ལས་ ནང་གི་ཨམ་དང་ གཞན་མི་ཚུ་ ཁང་ཚན་གྱི་དོན་ལུ་ འོས་འབབ་ཡོདཔ་ཨིན་པས།
ལས་འཛིན་གྱི་ ལམ་ལུགས་དང་འཁྲིལཝ་ད་ ཁྱིམ་གུང་པ་ཅིག་ལུ་ བགོ་བཀྲམ་འབད་ཆོགཔ་ཨིནམ་ད་ བགོ་བཀྲམ་འབད་བའི་སྐབས་ ཞུ་ཡིག་བཙུགས་མིའི་ ཁ་བྱང་ཚུ་ བདེན་དཔྱད་འབད་ནི་ཨིནམ་ལས་ ཞུ་ཡིག་བཙུགས་མི་དང་ ཡང་ཅིན་ བཟའ་ཟླ་གང་རུང་ཅིག་གིས་ མི་མང་གི་ སྡོད་ཁྱིམ་ལེན་ཡོད་པ་ཅིན་ འོས་འབབ་མེདཔ་ཨིན་པས།
ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཕུན་ཚོགས་གླིང་ལུ་ ཚོང་འབྲེལ་ཐོ་བཀོད་འབད་ཡོད་མི་ཚུ་ བགོ་བཀྲམ་གྱི་དོན་ལུ་ འོས་འབབ་ཡོདཔ་བཞིན་དུ་ ཕུན་ཚོགས་གླིང་ལུ་ ཐོ་བཀོད་འབད་ཡོད་མི་ ལས་སྡེ་ཚུ་ནང་ ལཱ་འབད་མི་ཚུ་ཡང་ འོས་འབབ་ཡོད་ཟེར་ཨིན་པས།
ཁང་ཚན་ཚུ་གི་ ཁང་གླ་དེ་ དངུལ་ཀྲམ་༤,༥༠༠ ལས་༦,༥༠༠ ཚུན་ཨིནམ་ད་ འཕྲིན་ལས་རྡོ་རྗེ་གིས་ སླབ་མིའི་ནང་ ལས་འགུལ་དེ་གིས་ ཕུན་ཚོགས་གླིང་ལུ་ སྡོད་མི་ཚུ་ལུ་ སྡོད་ཁྱིམ་མ་ལང་པའི་ དཀའ་ངལ་དེ་ སྦོམ་སྦེ་ར་ སེལ་ཚུགས་ཟེར་ཨིན་པས།
སྤྱི་ལོ་༢༠༡༦ ཟླ་༢ པའི་ཚེས་༡༦ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཞལ་འཛོམས་ཐེངས་༩༧ པ་ འཚོགས་པའི་སྐབས་ ཕུན་ཚོགས་གླིང་ལུ་ སྡོད་ཁྱིམ་གྱི་ ཞབས་ཏོག་གི་དོན་ལུ་ དམིགས་བསལ་གྱི་ ཚོགས་ཆུང་ཅིག་ གཞི་བཙུགས་འབད་ཡོདཔ་ཨིན་པས།
དངུལ་རྩིས་བློན་པོ་གིས་ ཁྲི་འཛིན་འབད་མི་ ཚོགས་ཆུང་ནང་ འཐུས་མི་སྦེ་ རྒྱལ་ཡོངས་ས་འཇལ་ལྷན་ཚོགས་དང་ ཕུན་ཚོགས་གླིང་ཁྲོམ་སྡེ་ ཞབས་ཏོག་ལྷན་ཁག་ དེ་ལས་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་ཚུ་ ཡོདཔ་ཨིན་པས།
དམིགས་བསལ་ཚོགས་ཆུང་གི་ འགན་དབང་དེ་ སྡོད་ཁྱིམ་བཟོ་སྐྲུན་འབད་ཐོག་ལས་ སྡོད་ཁྱིམ་དགོས་མཁོ་དང་ ཕུན་ཚོགས་གླིང་ལུ་ སྡོད་མི་ཚུ་ལུ་ སྡོད་ཁྱིམ་མ་ལང་པའི་ དཀའ་ངལ་ཚུ་ སེལ་ཐབས་འབད་ནི་དེ་ཨིནམ་ད་ ས་ཁོངས་གོང་འཕེལ་དང་ གཞི་རྟེན་མཁོ་ཆས་ལ་སོགས་པ་ཚུ་བརྩིས་ཏེ་ ལས་འགུལ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༨༩༠ ཡོདཔ་ཨིན་པས།
རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ ད་རུང་ སྤྱི་ཟླ་༧ པའི་ནང་ལས་ ཁང་ཚན་ཁ་སྐོང་༢༤ བཟོ་སྐྲུན་འབད་ནིའི་ འཆར་གཞི་ཡོད་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *