འཁོར་ལམ་གྱི་ཟུར་བདའ་སྟེ་ ཀེ་བའི་དོ་ བརྩེགས་བཞག་མི་ཚུ།

ཕུན་ཚོགས་གླིང་ལུ་ ཀེ་བ་རིན་བསྡུར་འབད་མ་ཚུགས་པར་ ཟླཝ་ལས་བཅད་དེ་ ལུས་ཡོདཔ།

༉ ཕུན་ཚོགས་གླིང་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ སོ་ནམ་པ་ཚུ་གིས་ ཀེ་བ་བཙོང་མ་ཚུགས་པར་ ཟླཝ་ཕྱེད་དང་༢ དེ་ཅིག་ བསྒུགས་སྡོད་དགོཔ་ བྱུང་མི་ལུ་བརྟེན་ ཀེ་བའི་དོ་འབག་མི་ སྣུམ་འཁོར་༢༥༠ དེ་ཅིག་ གྱལ་རིམ་ནང་ ལུས་ཡོདཔ་ཨིན་པས།
སོ་ནམ་པ་ཚུ་ རིན་བསྡུར་ཁང་གི་ཕྱི་ཁར་ བསྒུགས་སྡོད་དགོཔ་ཐོན་མི་དེ་ཡང་ ཀེ་བ་བཞག་སའི་ས་གོ་ མེད་ནི་དེ་གིས་ཨིན་པས།
རིན་བསྡུར་འབད་མ་ཚུགས་མི་ལུ་བརྟེན་ སྣུམ་འཁོར་དེད་གཡོགཔ་ཚུ་གིས་ འཁོར་ལམ་གྱི་ཟུར་བདའ་སྟེ་ ཀེ་བ་བཏོན་བཞག་དགོཔ་ ཐོན་ཡོདཔ་ཨིན་པས།
ད་རེས་ ཀེ་བ་བཙོང་མི་ཚུ་གིས་ ག་ཐོབ་རྐྱབ་མི་ལུ་བརྟེན་ ཀེ་བའི་གོང་ཚད་ཡང་ མར་བབས་སོང་ཡོདཔ་བཞིན་དུ་ ཁ་ཙ་ཚུན་ ཀེ་བ་སྦོམ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༢.༧༥ ལས་བརྒལ་ ཐོབ་མ་ཚུགས་པར་ཡོདཔ་ད་ དེ་ཡང་ ཕད་ཙེ་རེ་ལུ་ དངུལ་ཀྲམ་༡,༤༠༠ གནས་ཡོདཔ་ད་ འདས་པའི་བདུན་ཕྲག་ནང་ ཕད་ཙི་རེ་ལུ་ དངུལ་ཀྲམ་༢,༠༠༠ ཐོབ་ནུག།
དབང་འདུས་ཕོབ་སྦྱིས་ཁ་ལས་ སོ་ནམ་པ་ ནོར་བུ་གིས་ ཀེ་བ་བཙོང་ནིའི་དོན་ལུ་ བསྒུགས་སྡོད་དེ་ ད་རེས་འབདཝ་ད་ ཉིན་གྲངས་༢༠ ལང་ཡོདཔ་ད་ ཁོ་བཟུམ་སྦེ་ སོ་ནམ་ལེ་ཤ་ཅིག་གིས་ ཀེ་བ་རུལ་རུལཝ་ཚུ་ སེལ་བཀོག་དོ་ཡོདཔ་ད་ ཁོང་གི་གྲས་ལས་ སོ་ནམ་པ་ ཚེ་རིང་གིས་ སླབ་མིའི་ནང་ ད་རེས་བཟུམ་སྦེ་ ཀེ་བ་བཙོང་མ་ཚུགས་པའི་ དཀའ་ངལ་དེ་ ཧེ་མ་ མ་འཐོན་ཟེར་ཨིན་པས།
མ་གཞི་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ ལས་བྱེདཔ་ཚུ་གིས་ བདུན་མཐའ་ངལ་གསོ་ནང་ཡང་ ལཱ་འབད་ཡོད་རུང་ དཀའ་ངལ་དེ་གདོང་ལེན་འབད་མ་ཚུགས་པར་ཡོདཔ་ད་ ཀེ་བ་ཚུ་ རིན་བསྡུར་འབད་མ་ཚུགས་ནི་དེ་གིས་ དོ་གླ་ཡང་ཡར་སེང་སོང་ཡོདཔ་ད་ དེ་ཡང་ ཧེ་མ་ ཀེ་བ་ཕད་ཙེ་རེ་ལུ་ དངུལ་ཀྲམ་༥ རེ་སླབ་མི་དེ་ ད་རེས་ དངུལ་ཀྲམ་༨ དང་༡༠ གྱི་བར་ན་ ལེན་དོ་ཡོདཔ་ཨིན་པས།
འདས་པའི་ཟླཝ་ནང་ ཀེ་བའི་དོ་ཚུ་ ལམ་ཁར་བརྩེགས་བཞག་མི་ལུ་བརྟེན་ ཁྲིམས་སྲུང་འགག་པ་གིས་ ཉེས་བྱ་བཀལ་ཡོདཔ་ཨིན་རུང་ སོ་ནམ་པ་ཚུ་གིས་ དཀའ་ངལ་དེའི་སྐོར་ལས་ སོ་ནམ་བློན་པོ་ལུ་ ཞུ་བའི་ཤུལ་ལས་ ཉེས་བྱ་མ་བཀལཝ་ཨིན་པས།
འབྲུག་བཟའ་སྤྱོད་ལས་འཛིན་གྱི་ འཛིན་སྐྱོང་པ་ ཨྱོན་དཔལ་འབྱོར་གྱིས་ སླབ་མིའི་ནང་ མ་གཞི་ རིན་བསྡུར་ཁང་ནང་ ཀེ་བ་མ་ཤོང་པའི་དཀའ་ངལ་ཐོན་མི་དེ་ གཙོ་བོ་ར་ ས་གོ་མེད་ནི་དེ་གིས་ཨིན་རུང་ ད་རེས་ རྒྱལ་ཁབ་ཀྱི་ས་གནས་ མང་ཤོས་ཅིག་ནང་ སོ་ནམ་ཞིང་ལམ་ལྷོད་ནི་དེ་གིས་ ཀེ་བ་ཚོང་འབྲེལ་འཐབ་མི་ ཡར་སེང་སོང་ཡོད་པའི་ བརྡ་མཚོན་སྟོནམ་མས་ཟེར་ཨིན་པས།
ཁ་ཙ་ཚུན་ རིན་བསྡུར་ཁང་ནང་ ཀེ་བ་མེ་ཊིག་ཊཱོན་༡༤,༢༤༩ བཙོང་མི་དེ་གིས་ དངུལ་ཀྲམ་ས་ཡ་༣༨༧ དེ་ཅིག་ ཐོབ་ཡོདཔ་ད་ ན་ཧིང་འབད་བ་ཅིན་ ཀེ་བ་མེ་ཊིག་ཊཱོན་༡༥,༥༩༧ བཙོང་མི་དེ་གིས་ དངུལ་ཀྲམ་ས་ཡ་༢༠༩ ཐོབ་ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བསྟན་འཛིན་རྣམ་རྒྱལ།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *