ཚལ་ལུ་ཕྱིར་སེལ་འབད་བའི་བསྒང་།

ཕུན་ཚོགས་གླིང་ལས་ ཚལ་ལུ་ཕྱིར་བཙོང་ ལེགས་ཤོམ་སྦེ་ འཐབ་ཚུགས་དོ་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ཚལ་ལུ་ཚུ་ དཀའ་ངལ་མེད་པར་ ཕྱིར་བཙོང་འཐབ་ཚུགས་དོ་ཡོདཔ་ཨིན་པས།

དེ་ཡང་ འགྲོ་འགྲུལ་བཀག་དམ་གྱི་སྐབས་ལུ་ ཚལ་ལུ་ཚུ་ ལེགས་ཤོམ་སྦེ་ ཕྱིར་བཙོང་འཐབ་ནིའི་དོན་ལུ་ ཐབས་ལམ་ལེ་ཤ་ཅིག་ར་ བསྒྲིགས་ཡོད་མི་ལུ་བརྟེན་ཏེ་ཨིན་པས།

ཐབས་ལམ་ཚུ་ཡང་ ཁ་ཙ་ ཉིན་མའི་ཆུ་ཚོད་༢ ལུ་ ཁྲོམ་སྡེ་ནང་ འགྲོ་འགྲུལ་བཀག་དམ་མ་འབད་བའི་ཧེ་མར་ སྤྱི་ཟླ་༡༢ པའི་ཚེས་༢༢ ལུ་ སོ་ནམ་ལྷན་ཁག་འོག་གི་ སོ་ནམ་ཚོང་འབྲེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་དང་ བྱུང་རྐྱེན་འཛིན་སྐྱོང་སྡེ་ཚན་གྱིས་ གྲིགས་ཡོདཔ་ཨིན་པས།

སོ་ནམ་ཚོང་འབྲེལ་ལས་ཁུངས་ཀྱི་གཙོ་འཛིན་ ཡོན་ཏན་རྒྱ་མཚོ་གིས་ སླབ་མིའི་ནང་ ཚལ་ལུ་བསྐྱལ་མི་དང་ ལེན་མི་སྣུམ་འཁོར་གཉིས་ཆ་ར་ འགྲོ་འགྲུལ་འབད་བཅུག་དོ་ཟེར་ཨིན་པས།

ཕྱིར་བཙོང་འཐབ་མི་དང་ ཁོ་རའི་ལས་བྱེདཔ་ཚུ་ཡང་ ག་ར་ལུ་ འགྲོ་འགྲུལ་འབད་ཆོག་པའི་ ཤོག་བྱང་ཚུ་ སྤྲོད་དེ་ཡོདཔ་ཨིན་པས།

ལཱ་འབད་མི་ཚུ་ཡང་ ཚལ་ལུ་ཚོང་འབྲེལ་ས་ཁོངས་ནང་ར་ སྡོད་བཅུག་དོ་ཡོདཔ་ད་ གལ་སྲིད་དམིགས་བསལ་གྱི་ འགྲོ་འགྲུལ་འབད་དགོཔ་རེ་ འཐོན་པ་ཅིན་ སྲུང་རྒྱབ་ཚུ་ཡང་ གཏང་འོང་ཟེར་ཨིན་པས།

འབྲུག་ཕུན་སུམ་ནང་འདྲེན་དང་ ཕྱིར་བཙོང་ལས་སྡེའི་ཇོ་བདག་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ད་རེས་ཚལ་ལུ་ཕྱིར་བཙོང་གི་ལཱ་དེ་ འགྲོ་འགྲུལ་བཀག་དམ་ མེད་པའི་སྐབས་ལུ་བཟུམ་སྦེ་ར་ འགོ་འདྲེན་འཐབ་ཚུགས་པས་ཟེར་ཨིན་པས།

བསོད་ནམས་སྟོབས་རྒྱས་ཁོ་རང་ཡང་ ཚོང་འབྲེལ་ས་ཁོངས་ནང་ར་ སྡོད་དོ་ཡོདཔ་ད་ ད་རེས་ ཚལ་ལུ་སྒམ་རྐྱབ་མི་དང་ ཕྱི་སེལ་རྐྱབ་མི་ ན་གཞོན་༥༠ དེ་ཅིག་ བཙུགས་ཏེ་ཡོདཔ་ཨིན་པས།

དུས་ཅི་ ཕྱིར་བཙོང་གི་དུས་ཚོད་  ཕྱིས་སུ་ཅིག་སྦེ་ འགོ་བཙུགས་ཡོདཔ་ཨིན་རུང་ འབྲུག་ཕུན་སུམ་གྱིས་ ད་ལྟོ་ཚུན་ ཚལ་ལུ་ཊཱག་༢༧ དེ་ཅིག་ བང་ལ་དེཤ་ལུ་ བཏང་ཚུགས་ཡོདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ཚལ་ལུའི་སྤུས་ཚད་ཚུ་ ན་ཧིང་དང་ ཅོག་འཐདཔ་སྦེ་ཡོདཔ་ཨིན་རུང་ དུས་ཅི་ ནད་ཡམས་ལུ་བརྟེན་ ལས་མི་མ་ལང་པའི་ དཀའ་ངལ་འདུག་ཟེར་ཨིན་པས།

ད་ལྟོ་ ལཱ་འབད་མི་༥༠ ཡོད་མི་ཚུ་ག་ར་ འབྲུག་མི་ཨིནམ་ལས་ ཁོང་ཆ་ཁྱབ་ཀྱིས་ ཕྱིའི་ལས་མི་ཚུ་བཟུམ་སྦེ་ ནུབ་མོ་ ལཱ་འབད་ནི་མེད་ཟེར་ཨིན་པས།

ཕུན་ཚོགས་གླིང་དང་ བསམ་རྩེའི་ ཚལ་ལུ་ཕྱིར་བཙོང་པ་ཚུ་གི་ ཚལ་ལུ་སྒྲོམ་ཚུ་ འཐོབ་མ་ཚུགས་པའི་ དཀའ་ངལ་བྱུང་ཡོདཔ་ད་ དེ་ཡང་ སྒྲོམ་ཚུ་ རྒྱ་གར་ལས་ ནང་འདྲེན་འབད་བའི་སྐབས་ འབྲུག་པའི་ཅ་དམ་འགོ་དཔོན་ཚུ་གིས་ རྒྱ་གར་གྱི་ རྒྱལ་ཡོངས་སྐྱེ་ཤིང་ཉེན་སྲུང་ཡིག་ཚང་ལས་ ལག་ཁྱེར་ཚུ་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།

སྤྱི་ཟླ་༡༢ པའི་ཚེས་༡༨ ལུ་ ཐིམ་ཕུག་ལུ་ཡོད་མི་ རྒྱ་གར་གྱི་ གཞུང་ཚབ་ཡིག་ཚང་གིས་ དཀའ་ངལ་དེ་ བསལ་ཡོདཔ་སྦེ འབྲུག་པའི་ཕྱི་འབྲེལ་ལྷན་ཁག་ལུ་ སླབ་ཡོདཔ་ཨིན་པས།

ལས་ཁུངས་ཀྱི་ ཐོ་བཀོད་དང་འཁྲིལཝ་ད་ ད་ལྟོ་ཚུན་ ཕུན་ཚོགས་གླིང་ལས་ ཚལ་ལུ་མེ་ཊིག་ཊཱོན་༣༠༠ དང་ བསམ་རྩེ་ལས་༢༥ ཕྱིར་ཚོང་འཐབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *