ཕུན་ཚོགས་གླིང་ཁྲོམ་དཔོན་ ཨུ་ཊར་ཀུ་མར་ རའི་གིས་ ཟུར་ལམ་བཟོ་སྐྲུན་ འགོ་འབྱེད་འབད་བའི་བསྒང་།

ཕུན་ཚོགས་གླིང་ལས་ བྱང་ཕྱོགས་ཁ་ཐུག་གི་ ཟུར་ལམ་བཟོ་སྐྲུན་ འགོ་འབྱེད་འབད་ཡོདཔ།

༉ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་དཔལ་འབྱོར་མཉམ་འབྲེལ་ལས་འགུལ་ཆུང་བའི་ འཁོར་ལམ་མཐུད་སྦྲེལ་ལས་འགུལ་གྱིས་ ཕུན་ཚོགས་གླིང་ལས་ བྱང་ཕྱོགས་ཁ་ཐུག་གི་ཟུར་ལམ་ བཟོ་སྐྲུན་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ལས་འགུལ་གྱི་འོག་ལུ་ ལཱ་གི་གནས་སྟངས་དང་འཁྲིལ་ཏེ་ དབྱེ་རིམ་༣ སྦེ་ བཟོ་སྟེ་ཡོད་མི་ཚུ་ཡང་ ཨོམ་ཆུ་གུ་ལས་ ཀི་ལོ་མི་ཊར་༢.༧ འབད་མི་ འཁོར་ལམ་སེལ་ནི་དང་ རིང་ཚད་མི་ཊར་༡༢༠ འབད་མི་ཟམ་རྐྱབ་ནི་ དེ་ལས་ ཟུར་ལམ་སེལ་ནི་ཚུ་ཨིན་པས།
ལཱ་ཚུ་ཡང་ ཇ་པཱན་གྱི་ལས་སྡེ་ མ་རུ་ཤཱིན་ ཤི་ཏ་ཀ་དང་ རིག་གསར་བཟོ་སྐྲུན་ལས་སྡེ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ འབད་ནི་ཨིནམ་བཞིན་དུ་ ས་བསླང་རྟེན་འབྲེལ་ཡང་ ཁ་ཙ་ བརྩི་སྲུང་འབད་ཡོདཔ་ད་ ལས་འགུལ་གྱི་དོན་ལུ་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ མ་དངུལ་ དངུལ་ཀྲམ་ས་ཡ་༤༤༤.༥༥ དེ་ཅིག་ གྲོགས་རམ་གནང་ཡོདཔ་ཨིན་པས།
ལཱ་གི་དབྱེ་རིམ་དང་པའི་ནང་ ཕུན་ཚོགས་གླིང་ཁྲོམ་ནང་ འཛུལ་ནིའི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ མཐུད་སྦྲེལ་འབད་ཡོད་པའི་ རྒྱ་གར་གྱི་ས་མཚམས་ བའུ་བ་ཟར་ཁ་ཐུག་གི་ འཛུལ་སྒོ་༢ པ་ལས་ འཁོར་ལམ་༤ བཟོ་སྐྲུན་འབད་ནི་ཨིན་མི་དེ་གིས་ ད་ལྟོ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ ཟམ་དེ་དང་གཅིག་ཁར་ མཐུད་སྦྲེལ་འབད་ནི་ཨིན་པས།
འཁོར་ལམ་དེ་ ལྷག་པར་དུ་ རྒྱ་བསྐྱེད་འབད་ཐོག་ལས་ ཚོད་བསྲེ་ཁྲོམ་བརྒྱུད་དེ་ ད་རུང་ ཨོམ་ཆུ་གུ་ལས་ ཟམ་བཟོ་སྐྲུན་འབད་དང་གཅིག་ཁར་ མཐུད་སྦྲེལ་འབད་ནི་ཨིནམ་བཞིན་དུ་ མི་ཊར་༡༢ འབད་མི་ཟམ་དེ་ ལཱ་གི་དབྱེ་རིམ་༢ པའི་ འོག་ལུ་ཚུད་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ཁྲོམ་སྡེའི་ ལས་འགུལ་མཉམ་འབྲེལ་པ་ དེ་བི་ཅཱ་རན་ དི་མཱལ་གྱིས་ སླབ་མིའི་ནང་ འཁོར་ལམ་མཐུད་སྦྲེལ་ལས་འགུལ་གྱི་ དམིགས་གཏད་དེ་ཡང་ བྱང་ཕྱོགས་ཟུར་ལམ་སེལ་མི་དེ་གིས་ ཕུན་ཚོགས་གླིང་ལུ་ སྣུམ་འཁོར་ཆེ་བ་ཚུ་ ཐོགས་ལུས་པའི་ དཀའ་ངལ་དེ་ སེལ་ཚུགས་ཟེར་ཨིན་པས།
གལ་སྲིད་ ཟུར་ལམ་དེ་ རྐྱབ་ཚར་བའི་བསྒང་ལས་ དོ་འབག་མི་སྣུམ་འཁོར་སྦོམ་ཚུ་ ལམ་དེ་ཁར་ལས་ རྒྱུན་འགྲུལ་འཐབ་ཚུགས་ཟེར་ཨིནམ་ད་ སྣུམ་འཁོར་ཆེ་བ་ཚུ་ ལཱ་ཁག་སྦེ་ ཁྲོམ་ནང་འཛུལ་མི་དགོ་ཟེར་ཨིན་པས།
ལཱ་གི་དབྱེ་རིམ་༢ པམ་དེ་ སྤྱི་ལོ་༢༠༡༩ གི་ཟླཝ་༨ པའི་ནང་ མཇུག་བསྡུ་ནི་དང་ དབྱེ་རིམ་༢ པམ་དེ་ སྤྱི་ལོ་༢༠༢༠ གི་ཟླཝ་༢ པའི་ནང་ མཇུག་བསྡུ་ཚུགས་པའི་ དམིགས་གཏད་ཡོདཔ་ད་ ཁྲོམ་སྡེ་འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ལཱ་ཚུ་ཡང་ དུས་ཚོད་ཁར་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཁྲོམ་དཔོན་ ཨུ་ཊར་ཀུ་མར་ རའི་གིས་ སླབ་མིའི་ནང་ ལས་འགུལ་དེ་གིས་ ཕུན་ཚོགས་གླིང་ཁྲོམ་ནང་ ལེགས་འགྱུར་སྦོམ་སྦེ་ར་ འབག་འོང་ནི་ཨིནམ་མ་ཚད་ སྣུམ་འཁོར་དང་འབྲེལ་བའི་ དཀའ་ངལ་ཚུ་ཡང་ སེལ་ཚུགས་ཟེར་ཨིནམ་ད་ ཨིན་རུང་ གོང་འཕེལ་གྱི་ ལཱ་འགོ་བཙུགས་པའི་སྐབས་ བྱ་སྟབས་མ་བདེཝ་ཚུ་ འབྱུང་སྲིད་ནི་ཨིནམ་ལས་ མི་སེར་ཚུ་གིས་ མཉམ་འབྲེལ་འབད་དགོཔ་ འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཨོམ་ཆུའི་མཐའམ་བདག་སྟེ་ འཛེས་ཆའི་ལཱ་ཚུ་ འགོ་བཙུགས་ནི་ཨིནམ་ད་ མ་འོངས་པར་ མི་སེར་ཚུ་གིས་ ས་གོ་དེ་ མཛེས་ཆ་དང་ལྡནམ་སྦེ་ མཐོང་ཚུགས་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༤ པའི་ནང་ འཛུལ་སྒོ་༢ པའི་ཉེ་འདབས་ལུ་ བཟོ་སྐྲུན་འབད་མི་ དོ་བཞག་ས་དང་ སྤྱྲི་ལོ་༢༠༡༡ ལུ་ ཆུ་རུད་དེ་གིས་ འཕྱགས་བདའ་མི་ ཀི་ལོ་མི་ཊར་༡.༡ འབད་མི་ འཁོར་ལམ་དེ་ཡང་ ལུང་ཕྱོགས་དཔལ་འབྱོར་མཉམ་འབྲེལ་ལས་འགུལ་འོག་གི་ ལཱ་གི་ཡན་ལག་གྲངས་སུ་ ཡོདཔ་ཨིན་པས།
དོ་བཞག་ས་དེ་ཡང་ ཇ་པཱན་གྱི་ལས་སྡེ་ མ་རུ་ཤཱིན་ ཤི་ཏ་ཀ་གིས་ དངུལ་ཀྲམ་ས་ཡ་༡༥༣.༨༥ བཏང་ཐོག་ལས་ བཟོ་སྐྲུན་འབད་དོ་ཡོདཔ་ད་ དཔག་བསམ་ཁའི་ ཟུར་ལམ་ཉམས་བཅོས་དེ་ཡང་ མ་དངུལ་ས་ཡ་༢༩༢ ཀྱི་ཐོག་ལས་ མཉམ་འབྲེལ་ལས་སྡེ་གིས་ ཐོབ་ཡོད་རུང་ དུས་ཚོད་ཁར་ ལཱ་མཇུག་བསྡུ་མ་ཚུགས་མི་ལུ་བརྟེན་ ལས་སྡེ་༢ དགོངས་ཕོག་བཏང་ཡོདཔ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *