ཏུར་སའི་ས་ཁོངས་ནང་ གནས་སྐབས་ཀྱི་ ཟུར་བཞག་མཐུན་རྐྱེན་གསརཔ་རྐྱབ་མི་དེ་ནང་ ཉལ་ཁྲི་༤༠༠ ཡོདཔ་ཨིན་པས།

ཕུན་ཚོགས་གླིང་ཟུར་བཞག་མཐུན་རྐྱེན་གྱིས་ ཕྱིའི་ལས་མི་ཚུ་ལུ་ ལྷན་ཐབས་འབྱུང་ནི།

༉ སྤྱི་ཟླ་༩ པའི་ཚེས་༣༠ ལུ་ ཕུན་ཚོགས་གླིང་ཏུ་ས་གཙང་ཆུའི་ ས་ཁོངས་ནང་ ཉལ་ཁྲི་༤༠༠ འབད་མི་ གནས་སྐབས་ཀྱི་ ཟུར་བཞག་མཐུན་རྐྱེན་གསརཔ་ལུ་ རབ་གནས་འབད་ནུག།

ཟུར་བཞག་ཁང་དེ་བརྩིས་ཏེ་ ནད་ཡམས་ཀོ་བི་-༡༩ འཐོབ་ཉེན་ཡོད་མི་ ཕུན་ཚོགས་གླིང་དང་ དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་ དེ་ལས་ བསམ་རྩེ་ལུ་ ཟུར་བཞག་ཁང་གི་ ཉལ་ཁྲི་བསྡོམས་༡,༠༠༠ ཡོདཔ་ཨིན་པས།

ཁྲོམ་སྡེ་གཞན་༣ ནང་ ཉལ་ཁྲི་༢༠༠ འབད་མི་ ཟུར་བཞག་མཐུན་རྐྱེན་རེ་ཡོདཔ་ད་ དེ་ཚུ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་རྒྱ་དང་བསྟུན་ རྐྱབ་ཡོདཔ་ཨིན་པས།

ཏུར་སའི་ཟུར་བཞག་མཐུན་རྐྱེན་ནང་ དགོ་མཁོ་ཅན་གྱི་ཅ་ཆས་ ཐབ་ཆས་དང་ ཧང་ཤུབས་ གདམ་མལ་ཆ་ཚུ་ཡོད་པའི་ཁར་ ཁང་མིག་རེ་ལུ་ རྒྱང་མཐོང་རེ་ཡང་ བཙུགས་ཏེ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ཟུར་བཞག་ཁང་གི་ མཐའ་འཁོར་ནང་ པར་ཆས་སི་སི་ཊི་བི་ཚུ་ཡང་ བཙུགས་ཏེ་ཡོདཔ་ད་ ཟུར་བཞག་ཁང་དེ་ཡང་ བདེ་སྲུངཔ་དང་ བསྟན་སྲུང་དམག་མི་ དེ་ལས་ འབྲུག་ཡུལ་བཟོ་སྐྲུན་གྱི་ ལས་བྱེདཔ་༣༠༠ དེ་ཅིག་གིས་ ཉིན་གྲངས་༥༠ ནང་འཁོད་ལུ་ རྐྱབ་ཡོདཔ་ཨིན་པས།

ཟུར་བཞག་ཁང་ནང་ ཕྱིའི་ལས་མི་དང་ ཕྱི་རྒྱལ་ལས་ ལོག་འོང་མི་ འབྲུག་མི་ཚུ་ བཞག་ནི་ཨིནམ་ད་ ཟུར་བཞག་ཁང་ཚུ་ཡང་ ཕུན་ཚོགས་གླིང་དྲུང་ཁག་བདག་སྐྱོང་ལུ་ རྩིས་སྤྲོད་འབད་བའི་ཤུལ་ལས་ བདུན་ཕྲག་ཤུལ་མ་ལས་ ལག་ལེན་འགོ་བཙུགས་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།

ད་ལྟོ་ ཟུར་བཞག་ཁང་སྦེ་ ལག་ལེན་འཐབ་སྟེ་ཡོད་མི་ ཟ་ཁང་ཚུ་ ཉེན་ཁ་ཆེ་ས་ལས་ ཉེན་ཁ་ཆུང་བའི་ ས་ཁོངས་ནང་ འོང་མི་ཚུ་གི་དོན་ལུ་ ལག་ལེན་འཐབ་ནི་ཨིནམ་ད་ ད་ལྟོ་ཚུན་ཚོད་ ཉེན་ཁ་ཆེ་བ་ལས་ ཆུང་བའི་ས་ཁོངས་ནང་ འོང་མི་ཚུ་ ཐིམ་ཕུག་དང་ སྤ་རོ་ དེ་ལས་ ཧཱ་གི་ ཟུར་བཞག་ཁང་ཚུ་ནང་ བཏང་ཡོདཔ་ཨིན་པས།

ཉལ་ཁྲི་༤༠༠ འབད་མི་ གནས་སྐབས་ཀྱི་ ཟུར་བཞག་མཐུན་རྐྱེན་དེ་གིས་ བཟོ་སྐྲུན་གྱི་དོན་ལུ་འོང་མི་ ཕྱིའི་ལས་མི་ཚུ་ལུ་ ལྷན་ཐབས་འབྱུང་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *