ཕུན་ཚོགས་གླིང་མ་གཏོགས་ ལྷོ་མཚམས་ཀྱི་ ཁྲོམ་སྡེ་གཞན་ཚུ་ ལོག་སྒོ་ཕྱེ་ཡོདཔ།

༉ ཁ་ཙ་ལས་ ཕུན་ཚོགས་གླིང་མ་གཏོགས་ ལྷོ་མཚམས་རྫོང་ཁག་ཚུ་གི་ ཁྲོམ་སྡེ་དང་ ཡན་ལག་ཁྲོམ་ཚུ་ནང་ འགྲོ་འགྲུལ་བཀག་དམ་ མ་མེད་བཏང་ཡི།

དེ་ཡང་ འདས་པའི་ཉིནམ་༣ གྱི་རིང་ལུ་ ལྟ་རྟོག་ཡར་སེང་ཐོག་ བརྟག་ཞིབ་འབད་བའི་སྐབས་ ཁྲོམ་སྡེ་དེ་ཚུ་ནང་ མི་སྡེ་ནང་ལས་ ནད་ཡམས་དར་ཁྱབ་ཡོད་པའི་ རྟགས་མཚན་མ་ཐོན་ནི་དེ་གིས་ཨིན་ཟེར་ བློན་ཆུན་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

དེ་འབདཝ་ད་ ཕུན་ཚོགས་གླིང་ལུ་ མི་སྡེ་ནང་ལས་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ ཐོན་བཞིན་དུ་ཡོདཔ་ལས་ འགྲུལ་སྐྱོད་བཀག་དམ་དེ་ འཕྲོ་མཐུད་དེ་ར་ བསྟར་སྤྱོད་འབད་ནི་ཨིནམ་ད་ ཁ་ཙ་ཚུན་ཚོད་ ཕུན་ཚོགས་གླིང་གི་ མི་སྡེ་ནང་ལས་ མི་༩ ལུ་ ནད་ཡམས་ཐོབ་ཡོད་པའི་ མངོན་གསལ་བྱུང་མི་ནང་ལས་༢ ཁ་ཙ་དཔག་བསམ་ཁ་ལས་ བདའ་ཟུན་ཡོདཔ་ཨིན་པས།

སྤྱི་ཟླ་༤ པའི་ཚེས་༡༦ ལུ་ འགྲོ་འགྲུལ་བཀག་དམ་འབད་ཞིནམ་ལས་ཚུར་ རྒྱལ་ཁབ་ནང་འཁོད་ལུ་ མི་༩,༨༠༥ ལྷགཔ་ཅིག་ལུ་ ནད་ཡམས་ཀྱི་ བརྟག་དཔྱད་འབད་ཡོདཔ་ད་ དེ་གི་གྲས་ལས་ བརྟག་དཔྱད་༩,༢༤༥ དེ་ ཉེན་ཁ་ཆེ་བའི་ ས་ཁོངས་ཚུ་ནང་ འབད་ཡོདཔ་ཨིན་པས།

བརྟག་དཔྱད་འབད་མིའི་གྲངས་སུ་ ཉེན་ཁ་ཅན་གྱི་ ས་ཁོངས་ཚུ་ལས་ འགྲོ་འགྲུལ་འབད་མི་༣,༣༢༩ དང་ ཕུན་ཚོགས་གླིང་ལས་ གློ་བུར་དུ་ འགྲུལ་སྐྱོད་འབད་མི་༢༡༧ ཚུདཔ་ཨིན་པས།

དེ་གིས་མ་དོ་བར་ གདོང་ཁར་ཐོན་ཏེ་ སྒྲིག་གཡོག་རྒྱུག་མི་༡,༡༣༠ དང་ མི་སྡེ་ཚུ་ནང་ མི་མངམ་ཡོད་སར་ ཉེན་ཁ་ཡོད་མི་༥,༡༢༩ ལས་ དཔེ་ཚད་ཚུ་ བསྡུ་ལེན་འབད་ནུག།

གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ རྒྱལ་ཁབ་ནང་འཁོད་ལུ་ ལྟ་རྟོག་ལམ་ལུགས་ སྒྲིང་སྒྲི་བཟོ་ནི་དང་ ད་ལས་ཕར་ ནད་ཡམས་ཀྱི་ བརྟག་དཔྱད་ཚུ་ཡང་ འཕྲལ་འཕྲལ་ར་ འགོ་འདྲེན་འཐབ་འོང་ཟེར་ཨིན་པས།

ནད་ཡམས་ཀྱི་ གནས་སྟངས་དང་འཁྲིལཝ་ད་ ང་བཅས་ར་ སེམས་བག་ཡེངས་ཤོར་ཏེ་ སྡོད་ནི་མི་འོང་ཟེར་ དྲན་གསལ་འབདཝ་ཨིན་པས།

འཛམ་གླིང་རྒྱལ་ཁབ་ཚུ་ནང་ ཀོ་བིཌ་-༡༩ ཐོབ་མི་དང་ ཤི་རྐྱེན་བྱུང་མིའི་ གྱངས་ཁ་ཡར་འཕར་འགྱོ་བའི་ དཀའ་ངལ་བྱུང་སྟེ་ཡོདཔ་བཞིན་དུ་ ང་བཅས་ག་ར་ རང་དང་རང་གི་བཟའ་གྲོགས་དང་ གཉེན་ཉེཝ་ ལྟ་ལྟོ་ཚང་ཚུ་ ནད་ཡམས་ལས་ ཉེན་སྲུང་དང་ལྡནམ་སྦེ་སྡོད་དེ་ གསོ་བའི་སྒྲིག་གཞི་ཚུ་ལུ་ གནས་ཐོག་ལས་ ཁ་རས་ལག་ལེན་འཐབ་ནི་དང་ ལམ་འགྲུལ་འབད་ནི་ཚུ་ ག་དེ་དྲག་དྲག་ འཛེམ་དགོ་པའི་ཁར་ ཁྱིམ་ནང་སྡོད་དེ་ མི་མང་འཛོམས་སར་ འགྱོ་ནི་ཚུ་ མར་ཕབ་འབད་དགོ་ཟེར་ བཀོད་ཡོད་པའི་གནས་ཚུལ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *