ཕུན་ཚོགས་གླིང་དྲུང་ཁག་གི་ རྩིས་འཛིན་པ་གིས་ དངུལ་ཀྲམ་ས་ཡ་༦ ལོག་སྤྱོད་འབད་ཡོད་པའི་ཁ་ཉེས།

༉ ཕུན་ཚོགས་གླིང་ལུ་ཡོད་མི་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ ལུང་ཕྱོགས་ཡིག་ཚང་གི་ རྩིས་འཛིན་པ་ཅིག་གིས་ སྤྱི་ལོ་༢༠༡༥ ལས་༢༠༡༧ བར་ན་ དངུལ་ཀྲམ་ས་ཡ་༦ ལྷགཔ་ཅིག་ ལོག་སྤྱོད་དང་ ཚུལ་མིན་སྤྱོད་པའི་ མངོན་གསལ་བྱུང་ནུག།
དབང་འཛིན་གྱི་ རྩིས་ཞིབ་སྙན་ཞུ་དང་འཁྲིལཝ་ད་ རྩིས་འཛིན་པ་ འཆི་མེད་རྡོ་རྗེ་གིས་ སྤྱི་ལོ་༢༠༡༦ ལས་༢༠༡༧ བར་ན་ དངུལ་ཀྲམ་ས་ཡ་༤.༩ དང་ སྤྱི་ལོ་༢༠༡༥ ལས་༢༠༡༦ བར་ན་ དངུལ་ཀྲམ་ས་ཡ་༢ དེ་ཅིག་ ཚུལ་མིན་དང་ ལོག་སྤྱོད་འབད་བའི་ ཁ་ཉེས་བཀལ་ནུག།
ད་ལྟོའི་གནས་ཚད་ཀྱི་ རྩིས་ཞིབ་སྙན་ཞུ་དང་འཁྲིལ་བ་ཅིན་ རྩིས་འཛིན་པ་གིས་ དངུལ་ཕོགས་མེདཔ་སྦེ་ ངལ་གསོ་ལེན་སྡོད་མི་དང་ གནས་སོར་བཏང་མི་ དེ་ལས་ ལཱ་གཡོག་ནང་ལས་ དགོངས་ཞུ་འབད་མི་ དྲུང་ཁག་གི་ཞི་གཡོགཔ་ཚུ་གི འཐུས་དང་དངུལ་ཕོགས་དངུལ་ཀྲམ་༦༣༠,༣༢༩ ལྷགཔ་ཅིག་ ཚུལ་མིན་སྤྱོད་ཡོད་པའི་ མངོན་གསལ་བྱུང་ཡི་ཟེར་ཨིན་པས།
ད་རུང་ རྩིས་ཞིབ་འབད་མི་ཚུ་གིས་ དངུལ་ཁང་དང་གཅིག་ཁར་ བདེན་དཔྱད་འབད་བའི་སྐབས་ མ་དངུལ་དེ་ཚུ་ མི་ངོ་སོ་སོའི་རྩིས་ཁྲ་ནང་མེན་པར་ རྩིས་འཛིན་པ་ ཁོ་རའི་སྒེར་གྱི་རྩིས་ཁྲ་ནང་ བཙུགས་ཡོད་པའི་ མཐོང་གསལ་བྱུང་ནུག།
དེ་ཡང་ རྩིས་འཛིན་པ་གིས་ མ་དངུལ་དེ་ཚུ་ ཚུལ་མིན་སྤྱོད་ནིའི་དོན་ལུ་ ཁོ་ར་ དར་ལ་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་དཔོན་ཅིག་ཨིནམ་བཟོ་སྟེ་ ཁོ་རའི་བུམོ་གི་རྩིས་ཁྲ་ནང་ ཏི་རུ་ཚུ་ བཙུགས་ཡོད་པའི་ཁར་ དབུ་འཛིན་གྱིས་ ལག་རྗེས་རྫུས་མ་རྐྱབ་སྟེ་ ཏི་རུ་སྔོན་བྱིན་འབྲི་ཤོག་ནང་ ལག་ཐི་བཀོད་ཡོདཔ་མ་ཚད་ ཤུལ་ལས་ འགྲོ་འགྲུལ་འབད་མི་དང་ ཉིན་འཐུས་ཚུ་ནང་ལས་ བདེ་སྒྲིག་འབད་ནུག་ཟེར་ཨིན་པས།
སློབ་དཔོན་ལ་ལོ་ཅིག་གི་དོན་ལུ་ རྩིས་འཛིན་པ་དེ་གིས་ སློབ་དཔོན་ཚུ་གི་ དངུལ་ཕོགས་ལས་ལྷགཔ་སྦེ་ ཁོང་གི་དངུལ་ཕོགས་ནང་བཙུགས་ཏེ་ ཤུལ་ལས་ གནས་སོར་དང་ ངལ་གསོའི་་འཐུས་ལེན་པའི་སྐབས་ དེ་ནང་ལས་ ལོག་སྟེ་རྩིས་སྒྲིག་འབད་ནུག་ཟེར་ཨིན་པས།
རྩིས་འཛིན་པ་དེ་གིས་ གྲོང་གསེབ་ཚེ་སྲོག་དང་ ཉེན་བཅོལ་ཐོབ་ལམ་དེ་ནང་ཡང་ ཚུལ་མིན་ཐོག་ལས་ ཁོ་རའི་ཁེ་ཕན་ལུ་དམིགས་ཏེ་ དངུལ་ཀྲམ་༣༦༠,༠༠༠ དེ་ཅིག་ བདེ་སྒྲིག་འབད་བའི་ ཉེས་འཛུགས་འབད་ཡོདཔ་ད་ ཁོ་གིས་ དོན་ཆེད་འབད་ར་ དྲུང་ཁག་འོག་ལུ་ཡོད་མི་ སློབ་དཔོན་ཚུ་གི་མིང་ཐོ་ཁར་ དངུལ་ཀྲམ་༡༩༨,༢༣༡ དེ་ཅིག་ དངུལ་ཕོགས་ཐེངས་གཉིས་སྦེ་ བཟོ་ནུག་ཟེར་ཨིན་པས།
དེ་ནང་ཡང་ ཁོ་གིས་ སློབ་དཔོན་ཚུ་ལུ་ དངུལ་ཕོགས་ལན་ཐེངས་རེ་ལས་ བྱིན་བྱིནམ་མེད་རུང་ དངུལ་ཕོགས་ཐེངས་གཉིས་རེ་བཟོ་མི་ཚུ་ཡང་ ཁོ་རའི་སྒེར་གྱི་རྩིས་ཁྲ་ ཡང་ཅིན་ ཁོ་རའི་སྤུན་ཆ་དང་ ཁོ་རའི་བུམོ་གི་རྩིས་ཁྲ་ཚུ་ནང་ བཙུགས་ཡོད་པའི་ ཁ་ཉེས་བཀལ་ནུག།
རྩིས་ཞིབ་འབད་མི་ཚུ་གིས་ གྲོང་གསེབ་ཉེན་བཅོལ་ཐོབ་བརྗོད་མ་དངུལ་ནང་ལས་ རྩིས་འཛིན་པ་དེ་གིས་ དངུལ་ཀྲམ་༣༠༨,༩༦༤ དེ་ཅིག་ ཚུལ་མིན་ཐོག་ལས་ བྱིན་ཡོད་པའི་ ཤེས་རྟོགས་བྱུང་ཡོདཔ་ད་ ཐོབ་བརྗོད་ཚུ་ཡང་ གྲོང་གསེབ་ཀྱི་ ཉེན་བཅོལ་ཐོབ་བརྗོད་ཡར་སེང་དང་ ཁག་འབགཔ་ཚུ་གི་ ཉེན་སྲུང་མ་དངུལ་རྫུས་མ་ཚུ་བཟོ་བའི་ ཤེས་རྟོགས་བྱུང་ནུག།
ཁོ་ལུ་ དབུ་འཛིན་གྱི་ དངུལ་ཕོགས་དང་འཐུས་ཨིན་མི་ དངུལ་ཀྲམ་༤༦༢,༦༠༡ དེ་ཅིག་ཡང་ ཁོ་རའི་རྩིས་ཁྲ་ནང་བཞག་པའི་ ཉེས་འཛུགས་འབད་ཡོདཔ་ད་ རི་སྲུང་པ་ཚུ་ལུ་ དངུལ་ཕོགས་བྱིན་ནིའི་དོན་ལུ་བཞག་མི་ དངུལ་ཀྲམ་༣༥༡,༦༠༠ དེ་ཅིག་ ཚུལ་མིན་ཐོག་ལས་ སྤྱོད་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ཨིན་པས།
དེ་མ་ཚད་ ཁོ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྩིས་འཛིན་པ་ཅིག་གིས་ རཱན་གེ་སྟུང་གི་སློབ་དཔོན་གཉིས་ དབང་འདུས་ཕོ་བྲང་ལུ་ གནས་སོར་འགྱོ་མིའི་དོན་ལུ་ དངུལ་ཀྲམ་༤༡༣,༦༨༢ ལོག་གཏང་དགོཔ་སྦེ་སླབ་པའི་སྐབས་ལུ་ཡང་ མ་དངུལ་དེ་ ཚུལ་མིན་ཐོག་ལས་ ཁོ་རའི་རྩིས་ཁྲ་ནང་བཙུགས་ནུག་ཟེར་ཨིན་པས།
རྩིས་ཞིབ་འབད་མི་ཚུ་གིས་ དངུལ་ཀྲམ་༢༡༤,༦༨༢ དེ་ དབང་འདུས་ཕོ་ཕྲང་རྫོང་ཁག་གི་ རྩིས་འཛིན་ངོ་ཚབ་ ཡེ་ཤེས་ཚེ་རིང་དང་ རྫོང་ཁག་གི་ སློབ་དཔོན་ཚུ་དང་འབྲེལ་བ་ ག་ནི་ཡང་མེད་མི་ བསོད་ནམས་ཚེ་རིང་ཟེར་མིའི་ རྩིས་ཁྲ་ནང་ཡང་ དངུལ་ཀྲམ་༡༠༠,༠༠༠ བཙུགས་ཡོད་པའི་ ཤེས་རྟོགས་བྱུང་ནུག།
ཚུལ་མིན་དེ་ཚུ་ལུ་ལྟཝ་ད་ རྩིས་ཞིབ་པ་ཚུ་གིས་ རྩིས་འཛིན་པ་གཉིས་ཀྱིས་ མགུ་མཐུད་ཐོག་ལས་ ཚུལ་མིན་འབད་བའི་ རྟགས་མཚན་འདུག་ཟེར་ ཉེས་འཛུགས་འབད་ཡོདཔ་ད་ དབང་འདུས་རྫོང་ཁག་གི་དོན་ལུ་ དངུལ་དེབ་བསྐྱར་ཞིབ་འབད་བའི་སྐབས་ལུ་ ཁྲལ་མེན་པའི་ འབྱོར་རྟགས་དང་ ཡིག་ཆ་གཞན་ཚུ་ གཏོན་ནི་ཡོད་རུང་ མ་དངུལ་དེ་ནང་ བཀོད་དེ་མེདཔ་མཐོང་ཡོདཔ་ཨིན་པས།
རྩིས་འཛིན་པ་དེ་གིས་ ཁོ་རའི་མིང་ཐོག་ཁར་ དངུལ་འཛིན་ཅཱེག་ནང་ དངུལ་ཕོགས་དང་གསོ་བ་ གུང་ཁྲལ་ དེ་ལས་ སྡེ་ཚན་ཉེན་བཅོལ་ལ་སོགས་པའི་ཐོག་ལས་ དངུལ་ཀྲམ་ས་ཡ་༡.༢ དེ་ཅིག་ བཏོག་བཞགཔ་ཡོདཔ་སྦེ་ མཐོང་ཡོདཔ་ད་ ཁོ་གིས་ དངུལ་ཕོགས་དང་འཐུས་བསྡོམས་ཀྱིས་ དངུལ་ཀྲམ་༤༠༣,༨༦༠ དེ་ཅིག་ ཐེབས་སྤྲོད་ཡོད་པའི་ ཤེས་རྟོགས་བྱུང་མི་དེ་གིས་ ནང་འཁོད་རྩིས་ཞིབ་ལེགས་ཤོམ་མེད་པའི་ རྟགས་ཨིན་མས་ཟེར་ རྩིས་ཞིབ་སྙན་ཞུ་ནང་བཀོད་ནུག།
རྩིས་ཞིབ་འབད་མི་ཚུ་གིས་ རྩིས་འཛིན་པ་དེ་གིས་ ཐབས་ཤེས་དེ་བཟུམ་མའི་ཐོག་ལས་ སྤྱི་ལོ་༢༠༡༥ དང་༢༠༡༦ གི་ རྩིས་ལོ་དེ་ནང་ཡང་ དངུལ་ཀྲམ་ས་ཡ་༢ དེ་ཅིག་ ཚུལ་མིན་སྤྱོད་ཡོདཔ་སྦེ་ མཐོང་ཡོདཔ་ད་ ཁོ་གིས་ ཞི་གཡོགཔ་དགོངས་ཞུ་འབད་མི་དང་ བཏོན་བཏང་མི་ དངུལ་ཕོགས་མེདཔ་སྦེ་ ངལ་གསོ་ལེན་མི་ དེ་ལས་ གནས་སོར་འགྱོ་མི་ཚུ་གི་ཐོག་ལས་ དངུལ་ཀྲམ་༤༩༠,༧༢༢ ཚུལ་མིན་སྤྱོད་ཡོད་པའི་ ཉེས་འཛུགས་འབད་ཡོདཔ་ད་ དངུལ་ཕོགས་ལོག་བཟོ་སྟེ་ དངུལ་ཀྲམ་༢༠༨,༩༢༩ དང་ རི་སྲུང་པའི་དངུལ་ཕོགས་བསྡོམས་ དངུལ་ཀྲམ་༣༥༠,༡༠༠ དང་ གྲོང་གསེབ་ཉེན་བཅོལ་ཐོབ་བརྗོད་ལས་ དངུལ་ཀྲམ་༡༤༨,༧༢༤ དེ་ཅིག་ ཚུལ་མིན་སྤྱོད་པའི་ ཉེས་འཛུགས་འབད་ནུག།
ཁོ་གིས་ སྒེར་གྱི་རྩིས་ཁྲ་ནང་ ཡིག་ཆ་ཚུ་མེད་རུང་ ངལ་གསོའི་འཐུས་དངུལ་ཀྲམ་༡༢༦,༩༧༢ དང་ དངུལ་རྐྱང་སྦེ་ དངུལ་ཀྲམ་༢༦༩,༡༩༨ དེ་ཅིག་ཡང་ ཚུལ་མིན་སྤྱོད་པའི་ ཉེས་འཛུགས་འབད་ཡོདཔ་ད་ གནད་དོན་དེའི་སྐོར་ལས་ དངུལ་རྩིས་ལྷན་ཁག་གིས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ལུ་ སྙན་ཞུ་འབད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *