ཕུན་ཚོགས་གླིང་ཁྲོམ།

ཕུན་ཚོགས་གླིང་དང་ སྒོམ་ཀྲུ་ལུ་ ད་རིས་ལས་ བདུན་ཕྲག་༢ འགྲོ་འགྲུལ་བཀག་དམ་འབད་ནི།

༉ ཕུན་ཚོགས་གླིང་དང་ བསམ་རྩེ་སྒོམ་ཀྲུ་ལུ་ ད་རིས་ལས་འགོ་བཙུགས་ བདུན་ཕྲག་༢ ཀྱི་རིང་ འགྲོ་འགྲུལ་བཀག་དམ་འབད་ནི་ཨིན་པས།

དེ་ཡང་ རྫོང་ཁག་༢ ནང་ བཀག་དམ་གྱི་སྒྲིག་གཞི་ཚུ་ ག་དེམ་ཅིག་ ལག་ལེན་འཐབ་རུང་ ནད་འབུབ་ཐོབ་མིའི་གནད་དོན་ཚུ་ འཕྲོ་མཐུད་ཐོན་ནི་དེ་གིས་ཨིན་ཟེར་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ མི་སྡེའི་བརྡ་བརྒྱུད་ ཕེསི་བུག་ནང་ གསལ་བཀོད་འབད་ནུག།

བློན་ཆེན་གྱིས་འབད་བ་ཅིན་ མ་གཞི་ འ་ནི་ལྷོ་མཚམས་ས་ཁོངས་༢ ནང་ མི་སེར་ཚུ་གིས་ རྩ་འགེངས་ཏེ་ འགྲོ་འགྲུལ་བཀག་དམ་ཐོག་ལུ་ ཡུན་རིངམོ་སྦེ་ར་ སྡོད་ཡོདཔ་ཨིན་རུང་ རེ་གཉིས་ཀྱིས་ སྣང་མེད་འཚམས་ཅིག་སྦེ་ སྡོད་པའི་ཁར་ བཀག་དམ་ཐབས་ལམ་ཚུ་ལས་འགལ་བའི་ ལཱ་འབད་ནི་དེ་གིས་ ནད་འབུབ་བཀག་ནི་ལུ་ གདོང་ལེན་བྱུང་སྟེ་ཡོད་ཟེར་ཨིན་པས།

མ་གཞི་ བདུན་ཕྲག་༢ ཀྱི་རིང་ འགྲོ་འགྲུལ་བཀག་དམ་འབད་མི་དེ་གིས་ ནད་འབུབ་ཁྱབ་སྤེལ་ བཀག་མི་ཚུགས་ནི་ཨིནམ་ལས་ སྨན་ཁབ་ཐེངས་༢ པ་ བཙུགས་ནིའི་དོན་ལུ་ གྲ་སྒྲིག་གི་ལཱ་ཚུ་ འབད་འོང་ཟེར་ཨིན་པས།

ད་རེས་ ཕུན་ཚོགས་གླིང་ལུ་ འགྲོ་འགྲུལ་བཀག་དམ་འབད་མི་དེ་ ཐེངས་༤ པ་ཨིནམ་ད་ དེ་ཡང་ ད་རིས་དྲོ་པའི་ཆུ་ཚོད་༦ ལས་ འགོ་བཙུགས་ནི་ཨིན་པས།

ཕུན་ཚོགས་གླིང་ལུ་ སྡོད་མི་ཚུ་གིས་འབད་བ་ཅིན་ ད་ལྟོའི་འགྲོ་འགྲུལ་བཀག་དམ་དེ་ སྒྲིང་སྒྲི་སྦེ་ ལག་ལེན་འཐབ་ཐོག་ལས་ རེ་འདོད་དང་འཁྲིལ་བའི་ གྲུབ་འབྲས་འཐོན་པའི་ རེ་བ་ཡོད་ཟེར་ཨིན་པས།

མ་གཞི་ ད་ལྟོ་ཚུན་འབད་རུང་ ག་རང་གིས་ མཉམ་འབྲེལ་འབད་མི་ལུ་བརྟེན་ ང་བཅས་ཆ་ཁྱབ་ཀྱིས་ རྩ་འགེངས་ཡོདཔ་ཨིན་རུང་ ནད་ཡམས་དེ་ མགྱོགས་པར་མཇུག་བསྡུ་ནི་མེནམ་ལས་ ག་རང་གིས་ འཕྲོ་མཐུད་དེ་ར་ མཉམ་འབྲེལ་འབད་དགོཔ་ ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ ད་ལྟོ་ཚུན་ སྨན་ཁབ་ཐེངས་༢ པའི་དོན་ལུ་ སྨན་ཁབ་ལངམ་སྦེ་ར་ ཐོབ་ཡོདཔ་བཞིན་དུ་ འཕྲལ་མགྱོགས་ར་ རྒྱལ་ཁབ་ནང་ལྷོད་དེ་ བཙུགས་ནི་འགོ་བཙུགས་ནི་ཨིནམ་ལས་ སྐྱེས་ལོ་༡༡ ཡན་ཆད་འབད་མི་ཚུ་གིས་ སྨན་ཁབ་ཀྱི་དོན་ལུ་ ཐོ་བཀོད་འབད་དགོཔ་ཨིན་པས།

ཨིན་རུང་ སྨན་ཁབ་ཐེངས་དང་པ་ བཙུགས་མི་ཚུ་འབད་བ་ཅིན་ ཐོ་བཀོད་འབད་མ་དགོཔ་ཨིན་པས།

བློན་ཆེན་གྱིས་ བརྡ་ཕྲིན་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ནད་འབུབ་ཁྱབ་སྤེལ་ བཀག་དམ་འབད་དགོ་པ་ཅིན་ མི་རློབས་ཡོངས་བསྡོམས་ལས་ བརྒྱ་ཆ་༨༠ ལུ་ སྨན་ཁབ་བཙུགས་དགོཔ་ད་ ད་ལྟོ་ཚུན་འབད་བ་ཅིན་ བརྒྱ་ཆ་༦༥ ལས་བརྒལ་ སྨན་ཁབ་བཙུགས་མ་ཚུགསཔ་ཨིན་པས།

དེ་འབད་ནི་འདི་གིས་ ག་ར་གིས་ ནད་ཡམས་བཀག་ནིའི་དོན་ལུ་ མི་སེར་རང་ར་སོ་སོའི་ སྨན་ཁབ་བཙུགས་ནི་དེ་ འགན་ཁུར་ཅིག་ཨིན་པའི་ མནོ་བསམ་བཏང་སྟེ་ ངོས་ལེན་འབད་དགོ་ཟེར་ཨིན་པས།

བློན་ཆེན་གྱིས་འབད་བ་ཅིན་ སྨན་ཁབ་ཚུ་ རྒྱལ་ཁབ་ནང་ འབག་འོང་ནིའི་དོན་ལུ་ ཕྱི་འབྲེལ་ལྷན་ཁག་དང་ གསོ་བ་ལྷན་ཁག་གིས་ ཡིག་ཆ་དང་ གནམ་གྲུའི་འཕུར་འགྲུལ་ཚུ་ གྲ་སྒྲིག་འབད་བཞིན་དུ་ཡོད་ཟེར་ ཨིན་པས།

གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་འབད་བ་ཅིན་ སྨན་ཁབ་ཐེངས་༢ པ་དེ་ཡང་ ཐེངས་དང་པའི་སྐབས་ལུ་བཟུམ་སྦེ་ དུས་ཚོད་བཀག་སྟེ་ རྒྱལ་ཡོངས་ནང་ བཙུགས་ནི་ཨིནམ་ད་ སྨན་ཁབ་དང་པ་བཙུགས་མི་ཚུ་ལུ་ བཙུགས་ཚར་བའི་ཤུལ་ལས་རྐྱངམ་གཅིག་ སྐྱེས་ལོ་༡༢ དང་ ཡན་ཆད་འབད་མི་ ཨ་ལོ་ཚུ་ལུ་ བཙུགས་འོང་ཟེར་ཨིན་པས།

བློན་པོ་གིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་ མི་རློབས་བརྒྱ་ཆ་༣༠ སྐྱེས་ལོ་༡༨ མན་ཆད་འབད་མི་ཚུ་ཨིནམ་ལས་ ཨ་ལོ་ཚུ་ལུ་ སྨན་ཁབ་མ་བཙུགས་པ་ཅིན་ ནད་འབུབ་ཁྱབ་སྤེལ་ བཀག་ཚུགས་པའི་ མི་རློབས་ཀྱི་བརྒྱ་ཆ་དེ་ འཐོབ་ཚུགས་པར་ ལཱ་ཁག་འོང་ནི་མས་ཟེར་ཨིན་པས།

དེ་བཟུམ་སྦེ་ ཨ་ལོ་ཚུ་ལུ་ སྨན་ཁབ་དེ་ཡང་ སློབ་གྲྭ་ནང་སྦེ་ར་ རྐྱབ་ནི་ལུ་ འོས་འབབ་ལྟ་དོ་ཟེར་ཨིན་པས།

བློན་པོ་གིས་འབད་བ་ཅིན་ སྨན་ཁབ་ཐེངས་དང་པ་ བཙུགས་པའི་སྐབས་ ད་རེས་བཟུམ་སྦེ་ ནད་འབུབ་ཚུ་ ཐོན་པའི་བསྒང་སྦེ་ མ་སྡོད་མི་ལུ་བརྟེན་ སྨན་ཁབ་ཐེངས་༢ པ་རྐྱབ་ཐངས་དེ་ དུམ་གྲ་ཅིག་ མ་འདྲཝ་སྦེ་ འགོ་འདྲེན་འཐབ་འོང་ཟེར་ཨིན་པས།

སྨན་ཁབ་ཐེངས་༢ པ་དེ་ སྤྱི་ཟླ་༧ པའི་ཟླ་ཕྱེད་ལས་ འགོ་བཙུགས་འོང་ཟེར་ བློན་པོ་གིས་ བཤད་ཡོད་པའི་གནས་ཚུལ།

 ཉི་མ་དབང་འདུས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *