ཕུན་ཚོགས་གླིང་གི་ སློབ་ཕྲུག་ཚུ་ ཟླཝ་༥ དེ་ཅིག་གི་ཤུལ་ལས་ ལོག་སློབ་གྲྭ་ནང་ དཔེ་ཆ་ལྷབ་ནིའི་གོ་སྐབས་ ཐོབ་ཚུགས་ནུག།

ཕུན་ཚོགས་གླིང་གི་ སློབ་ཕྲུག་ཚུ་ ལོག་སློབ་གྲྭ་ནང་འགྱོ་ནི་ འགོ་བཙུགས་ཡོདཔ།

༉ ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་རིམ་༧ པའི་སློབ་ཕྲུག་ སྐྱེས་ལོ་༡༢ ལང་མི་ ཤྲི་ཇ་ན་ ཁ་ཏི་ཝ་རི་གིས་ ཟླཝ་༥ དེ་ཅིག་གི་ཤུལ་ལས་ ལོག་སློབ་གྲྭ་ནང་ འགྱོ་ཚུགས་ནི་དེ་གིས་ སེམས་དགའ་ནུག།

མོ་གིས་སླབ་མིའི་ནང་ ཟླཝ་ལེ་ཤ་ཅིག་གི་རིང་ ཡོངས་འབྲེལ་ཐོག་ལས་ དཔེ་ཆ་ལྷབ་ནི་དེ་ ལཱ་ཁག་འདུག་ཟེར་ཨིནམ་ད་ སློབ་ཁང་ནང་ལྷབ་མི་དེ་ ལེ་ཤ་གིས་ དྲག་པས་ཟེར་ཨིན་པས།

སློབ་ཁང་ནང་འབདཝ་ད་ སློབ་དཔོན་ཚུ་གིས་ དེ་འཕྲོ་ལས་ ལམ་སྟོན་འབད་ཚུགས་པའི་ཁར་ ཁ་གསལ་རྐྱབ་བྱིན་ནི་དེ་གིས་ སྟབས་བདེ་བས་ཟེར་ མོ་གིས་སླབ་ཨིན་པས།

ཕུན་ཚོགས་གླིང་ཁྲོམ་དེ་ སྤྱི་ཟླ་༤ པའི་ཚེས་༡༧ ལས་ འགྲོ་འགྲུལ་བཀག་དམ་ འགོ་བཙུགས་པའི་ཤུལ་ལས་ ས་ཁོངས་ལ་ལོ་ཅིག་ནང་ དུམ་གྲ་རེ་ ལྷོད་ཡངས་བཏང་ཡོད་རུང་ སྤྱི་ཟླ་༨ པའི་ཚེས་༡༠ ཚུན་ ཁྲོམ་ནང་ ལྷོད་ཡངས་གཏང་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།

དེ་འབདཝ་ལས་ སློབ་གྲྭ་ག་ར་ སྒོ་བསྡོམས་བཞག་དགོཔ་བྱུང་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ སློབ་རིམ་༩ པ་དང་༡༢ པ་ ཚུ་ སྤུ་ན་ཁ་ལུ་ སྤོ་དགོཔ་བྱུང་ཡོདཔ་ཨིན་པས།

ཨིན་རུང་ བློ་གསར་སློབ་རིམ་ལས་ སློབ་རིམ་༨ པ་ཚུན་གྱི་ སློབ་ཕྲུག་ཚུ་ ཡོངས་འབྲེལ་ཐོག་ལས་ སློབ་སྟོན་འབད་དེ་ བཞག་ཡོདཔ་ད་ བློ་གསར་ལས་ སློབ་རིམ་༦ པ་ཚུན་གྱི་ སློབ་ཕྲུག་ཚུ་ཡང་ དུས་རྒྱུན་དུ་ སློབ་གྲྭ་ནང་ འགྱོ་ཚུགསཔ་བཟོ་ནིའི་ཐབས་ལམ་ཚུ་ ལྷོ་མཚམས་ཀོ་བིཌ་-༡༩ འི་ ལས་བྱེད་ཚོགས་ཆུང་གིས་ ལྟ་དོ་ཡོདཔ་ཨིན་པས།

ཕུན་ཚོགས་གླིང་ཁྲོམ་ནང་ཚུད་མི་ སློབ་གྲྭ་༤ ནང་ སློབ་རིམ་༧ པ་དང་༨ པའི་ནང་ལྷབ་མི་ སློབ་ཕྲུག་༤༥༠ ཡོདཔ་ད་ ཕུན་ ཚོགས་གླིང་འབྲིང་རིམ་སློབ་གྲྭ་བར་མ་དང་ ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་གོང་མ་༢ པོ་དེ་ ཀོ་བིཌ་-༡༩ དང་འབྲེལ་བའི་དོན་ལུ་ ལག་ལེན་འཐབ་སྟེ་ཡོདཔ་ལས་ དེ་ནང་གི་སློབ་ཕྲུག་ཚུ་ བསོད་ནམས་སྒང་འབྲིང་རིམ་སློབ་གྲྭ་བར་མ་དང་ ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་འོག་མ་༢ ནང་ སྤོ་ཡོདཔ་ཨིན་པས།

སློབ་གྲྭ་ཚུ་ཡང་ ཀོ་བིཌ་-༡༩ འི་ སྒྲིག་གཞི་ཚུ་ དམ་དམ་སྦེ་ ལག་ལེན་འཐབ་སྟེ་ སྒོ་ཕྱེས་ཡོདཔ་ད་ ཕུན་ཚོགས་གླིང་འབྲིང་  རིམ་སློབ་གྲྭ་བར་མའི་དབུ་འཛིན་ འཆི་མེད་རིག་འཛིན་གྱིས་ བཤད་མིའི་ནང་ སློབ་གྲྭ་དེ་ ལྷོ་མཚམས་ཀོ་བིཌ་-༡༩ འི་ ལས་བྱེད་ཚོགས་ཆུང་གིས་བཟོ་མི་ ཚད་ལྡན་ལག་ལེན་བྱ་རིམ་དང་འཁྲིལ་ ལག་ལེན་འཐབ་དོ་ཟེར་ཨིན་པས།

ས་ཁོངས་དེ་ ཕུན་ཚོགས་གླིང་འབྲིང་རིམ་བར་མའི་དོན་ལུ་ཡང་ ལག་ལེན་འཐབ་སྟེ་ཡོདཔ་ལས་ སློབ་ཕྲུག་ཚུ་ འཛུལ་ས་ཡང་ སོ་སོར་སྦེ་ བཟོ་ཡོད་པའི་ཁར་ སྤུངས་འཛོམས་མི་འབད་ནིའི་ཐབས་ལུ་ དུས་ཚོད་ཡང་ སོ་སོར་སྦེ་ བཟོ་སྟེ་ཡོདཔ་ཨིན་པས།

དྲོ་པ་འཛོམས་ནིའི་ དུས་ཚོད་ཡང་ མེདཔ་སྦེ་བཟོ་ཡོདཔ་ལས་ སློབ་ཕྲུག་ཚུ་གིས་ ཕྲང་སྟེ་ སློབ་ཁང་ནང་འགྱོཝ་ནི་ཨིནམ་ད་ ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་གོང་མའི་དབུ་འཛིན་ ཚེ་དབང་གིས་སླབ་མིའི་ནང་ སློབ་ཕྲུག་ཚུ་ སློབ་ཁང་ནང་ ལོག་འོང་ ཚུགས་ནི་དེ་གིས་ སེམས་དགའ་ནུག་ཟེར་ཨིན་པས།

ཚད་ལྡན་ལག་ལེན་བྱ་རིམ་དང་འཁྲིལཝ་ད་ སློབ་གྲྭ་ནང་ བསླབ་སྟོན་དང་ འཕྲོད་བསྟེན་ དེ་ལས་ ཟུར་བཞག་གི་ ཁང་མིག་ ཚུ་ཡོད་ཟེར་ཨིན་པས།

སློབ་གྲྭ་༢ ཀྱི་ སློབ་ཕྲུག་ཚུ་ དུས་ཡུན་སྐར་མ་༣༠ བར་མཚམས་བཞག་སྟེ་ སོ་སོར་སྦེ་ སློབ་ཁང་ནང་ འཛུལ་དོ་ཡོདཔ་ད་ ཕུན་ཚོགས་གླིང་ལུ་ ཀོ་བིཌ་-༡༩ ཐོབ་མི་མ་ཐོན་པར་ ཟླཝ་༡ ལང་ཡོདཔ་ཨིན་པས།

སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ཕུན་ཚོགས་གླིང་གི་ མི་མང་གསོ་བའི་བརྟག་དཔྱད་ཁང་དང་ མི་སྡེ་ དེ་ལས་ ཟུར་བཞག་དང་ ས་ཁོངས་གཞན་ཚུ་ལས་ མི་གྲངས་༤༡༠ གི་ དཔེ་ཚད་བསྡུ་ཡོདཔ་ད་ རྫོང་ཁག་གཞན་ཁར་ལས་ འབག་འོང་མི་ དཔེ་ཚད་ཚུ་ནང་ཡང་ ནད་ཡམས་མེདཔ་སྦེ་ ཐོན་ཡོད་པའི་གནས་ཚུལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *