རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ སྡོད་ཁྱིམ་གསརཔ།

ཕུན་ཚོགས་གླིང་གི་ སྒོར་ཁྱིམ་ནང་སྡོད་མི་ཚུ་ སྤོ་བཤུད་འབད་ཡོདཔ།

༉ ཕུན་ཚོགས་གླིང་ལུ་ སྒོར་ཁྱིམ་ནང་ གླ་ཁར་སྡོད་མི་ཚུ་ ཁང་ཚན་གསརཔ་ཐོབ་ནི་དེ་གིས་ སེམས་དགའ་སྟེ་ཡོདཔ་ཨིན་པས།
ཁ་ཙ་ སྐྱེས་ལོ་༥༣ ལང་མི་ དོན་གྲུབ་རྡོ་རྗེ་དེ་ ཁང་ཚན་གསརཔ་ནང་ སྤོ་བཤུད་འབད་ཡོདཔ་ད་
ཁྱིམ་གསརཔ་ནང་ སྤོ་བཤུད་འབད་ནི་གི་དོན་ལུ་ སག་ལང་སྟེ་སྡོད་མི་ དོན་གྲུབ་རྡོ་རྗེ་དང་གཅིག་ཁར་ སྒོར་ཁྱིམ་ནང་སྡོད་མི་ གཞན་༤༧ ལུ་ཡང་ ཁང་ཚན་གསརཔ་ཚུ་ནང་ སྤོ་བཤུད་འབདཝ་ཨིན་པས།
རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ སྒོར་ཁྱིམ་ནང་ གླ་ཁར་སྡོད་མི་ཚུ་ལུ་ གཙོ་རིམ་དང་པ་བཟུང་སྟེ་ སྤྱི་ཟླ་༦ པའི་ཚེས་༡༦ ལུ་ ཁྱིམ་བགོ་བཀྲམ་འབད་ནུག།
སྒོར་ཁྱིམ་དེ་ ཉེན་སྲུང་གི་དོན་ལུ་ བཤུབ་ཐོག་ལས་ སྔར་གྱི་བཟོ་བཀོད་རང་འཇགས་ཐོག་ བཟོ་སྐྲུན་འབད་ནི་ཨིན་པས།
དོན་གྲུབ་རྡོ་རྗེ་གིས་ སླབ་མིའི་ནང་ སྒོར་ཁྱིམ་དང་ཕྱདཔ་ད་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ ཁྱིམ་དེ་ ལྷ་ཡུལ་ལུ་ ལྷོད་དོ་བཟུམ་མའི་ ཚོར་སྣང་བྱུང་དོ་ཡོདཔ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ གཞུང་ལུ་ བཀའ་དྲིན་དགའ་ཚོར་སྦོམ་ཡོད་ཟེར་ཨིན་པས།
ད་ལས་ཕར་ དོན་གྲུབ་རྡོ་རྗེ་གིས་ ཉལ་ཁང་གཉིས་དང་ མགྲོན་སྐྱོང་ཁང་༡ གསང་སྤྱོད་༢ རབ་གསལ་གཉིས་འབད་མི་ ཁྱིམ་དེ་ལུ་ ཟླ་རིམ་ཁང་གླ་ དངུལ་ཀྲམ་༥,༥༡༥ རྐྱངམ་གཅིག་ སྤྲོད་དགོཔ་ཨིན་པས།
དོན་གྲུབ་ཀྱིས་ སྒོར་ཁྱིམ་གྱི་ ཉལ་ཁང་གཉིས་འབད་མི་ ཁང་ཚན་དེ་ལུ་ ཟླ་རིམ་ཁང་གླ་ དངུལ་ཀྲམ་༢,༤༠༠ རེ་སྤྲོད་དེ་ ལོ་༦ དེ་ཅིག་ སྡོད་ཡོདཔ་ཨིན་པས།
སློབ་དཔོན་ཅིག་ཨིན་མི་ ཨོ་རྒྱན་ལྷ་མོ་གིས་ བཤད་མིའི་ནང་ ཁང་ཚན་གསརཔ་དེ་ ལེ་ཤ་གིས་ར་ དྲག་དོ་ཡོད་མི་དེ་ཡང་ ཁྱིམ་གསར་པའི་ མཐའ་འཁོར་དེ་ ཧིང་སངས་ས་ཡོདཔ་མ་ཚད་ སྣུམ་འཁོར་བཞག་སའི་ ས་ཁོངས་ཚུ་ཡང་ ཉེན་སྲུང་དང་ལྡནམ་སྦེ་འདུག་ཟེར་ཨིན་པས།
མོ་གིས་ སྒོར་ཁྱིམ་ནང་ ལོ་༤ གི་རི་ སྡོད་ཡོདཔ་ད་ དེ་ནང་ འཐུང་ཆུའི་དཀའ་ངལ་ཡོད་རུང་ ད་ལྟོ་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ ཁྱིམ་དེ་ནང་ ཆུ་དུས་ཡུན་ཆུ་ཚོད་༢༤ གི་རིང་ཡོདཔ་ལས་ ཆུའི་ཚ་གྱང་ལང་དགོཔ་མིན་འདུག་ཟེར་ཨིན་པས།
ཨྱོན་ལྷ་མོ་གིས་འབད་བ་ཅིན་ རབ་གསལ་ཚུ་ཡང་ གོ་ལ་ཚུ་ སྐམ་ནིའི་དོན་ལུ་ སྟབས་བདེ་ཏོག་ཏོ་འདུག་ཟེར་ཨིན་པས།
སྒོར་ཁྱིམ་ནང་ ལོ་ངོ་༡༥ འི་རིང་ སྡོད་མི་༡ པདྨ་ཆོས་སྒྲོན་ཨིནམ་ད་ མོ་གིས་ སླབ་མིའི་ནང་ སྒོར་ཁྱིམ་གྱི་ ས་ཁོངས་དང་ཕྱདཔ་ད་ ད་ལྟོ་ཡོད་མི་ ས་ཁོངས་དེ་ དགའ་བས་ཟེར་ཨིན་པས།
མ་གཞི་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ སྤྱི་ཟླ་༦ པའི་ཚེས་༡༦ ལས་ ཁྱིམ་བགོ་བཀྲམ་འབད་ཚར་ཡོད་རུང་ འཐུང་ཆུ་དང་ གློག་མེ་མཐུད་སྦྲེལ་གྱི་ དཀའ་ངལས་བརྟེན་ སྤོ་བཤུད་འབད་ནི་འགོ་བཙུགས་ཏེ་ ཉིནམ་དག་པ་ཅིག་མ་གཏོགས་ མ་འགྱོ་བས།
ལས་འཛིན་གྱི་ འབྲེལ་འཛིན་འགོ་དཔོན་ སངས་རྒྱས་མཁའ་འགྲོ་གིས་ བཤད་མིའི་ནང་ སྤྱི་ཟླ་༧ པའི་ཚེས་༡ ལས་ སྡོད་ཁྱིམ་ཚུ་ནང་ གློག་མེ་དང་ ཆུ་ག་ར་བཙུགས་ཚར་ཏེ་ཡོད་ཟེར་ཨིན་པས།
མ་གཞི་ སྡོད་ཁྱིམ་ལ་ལོ་ཅིག་ནང་ འཐུང་ཆུ་དང་ གློག་མེའི་དཀའ་ངལ་དུམ་གྲ་རེ་ཡོད་རུང་ གནས་སྐབས་ཀྱི་ ཐབས་ལམ་ཚུ་ བཏོན་ཏེ་ཡོདཔ་ལས་ ཉིནམ་དག་པ་ཅིག་གི་ ནང་འཁོད་ལུ་ སེལ་ཚར་འོང་ཟེར་ འགོ་དཔོན་དེ་གིས་ བཤདཔ་ཨིན་པས།
སྒོར་ཁྱིམ་གྱི་ ཐོག་ཁར་སྡོད་མི་ཚུ་ སྤོ་བཤུད་འབད་ཚར་ཡོད་རུང་ ཚོང་འབྲེལ་འཐབ་མི་ཚུ་ སྤྱི་ཟླ་༨ པའི་ཟླ་མཇུག་ལུ་ འཐོན་འགྱོ་དགོཔ་སྦེ་ དྲན་གསོ་ཡི་གུ་བཏང་སྟེ་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *