ཕུན་ཚོགས་གླིང་གི་ རྒྱ་ཁྱབ་ས་ཁོངས་༢ པའི་ནང་ ཀོ་བིཌ་-༡༩ ཐོབ་བཞིན་ཡོདཔ།

༉ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ རྒྱུན་མ་ཆད་པར་ ཐོན་དོ་ཡོདཔ་ད་ ཁ་ཙ་ཡང་ ཚ་རིམས་སྨན་བཅོས་ཁང་ལས་ མི་༣ དང་ གདོང་གཟང་སྟེ་ སྒྲིག་གཡོག་རྒྱུག་མི་༡ ལུ་ ནད་རྟགས་ཡོད་པའི་ གྲུབ་འབྲས་ཐོན་ནུག། 

དུས་ཅི་ སྤྱི་ཟླ་༤ པའི་ཚེས་༡༧ ལས་ ཀོ་བིཌ་-༡༩ ལུ་བརྟེན་ ཕུན་ཚོགས་གླིང་ལུ་ འགྲུལ་སྐྱོད་བཀག་དམ་འབད་དེ་ ད་རིས་ ཉིན་གྲངས་༨༢ ལངམ་ཨིན་པས།

རྒྱ་ཁྱབ་ས་ཁོངས་༡ པ་དང་༣ པའི་ནང་ འགྲུལ་སྐྱོད་བཀག་དམ་ ལྷོད་ཡངས་བཏང་ཡོད་རུང་ རྒྱ་ཁྱབ་ས་ཁོངས་༢ པ་ ཕུན་ཚོགས་གླིང་ཁྲོམ་སྡེ་ལྟེ་བའི་ནང་ཡོད་མི་ ཚོང་པ་མང་ཤོས་ཅིག་ འགྲོ་འགྲུལ་བཀག་དམ་འོག་ལུ་ར་ཡོདཔ་ཨིན་པས།

མ་གཞི་ མི་མང་བརྟག་དཔྱད་ ཐེངས་༣ པ་ འབད་བའི་ཤུལ་ལས་ བཀག་དམ་ལྷོད་ཡངས་བཏང་ཡོད་རུང་ སྤྱི་ཟླ་༧ པའི་ཚེས་༣ ལས་ རྒྱ་ཁྱབ་ས་ཁོངས་༢ པ་དེ་ བཀག་འཛིན་དམ་དམ་སྦེ་ར་འབད་ནུག།

ཁྱིམ་གུང་རེ་ལས་ མི་ངོ་རེ་ རང་སོའི་ལམ་འགྲུལ་ཤོག་བྱང་འབག་ཐོག་ལས་ ངོས་འཛིན་ཅན་གྱི་ ས་ཁོངས་ནང་རྐྱངམ་གཅིག་མ་གཏོགས་ ས་ཁོངས་༡ པ་དང་༣ པའི་ནང་ འགྱོ་མི་ཆོག་པས།

ངོས་འཛིན་ཅན་གྱི་ ཚོང་ཁང་རྐྱངམ་གཅིག་ དྲོ་པའི་ཆུ་ཚོད་༨ ལས་ ཕྱི་རུའི་ཆུ་ཚོད་༦ ཚུན་ སྒོ་ཕྱེ་ཆོགཔ་བཞིན་དུ་ བཀག་དམ་དེ་ ཧ་ལམ་ཟླ་༣ ལང་ནི་འབད་རུང་ མི་སྡེ་ལས་ ཀོ་བིཌ་-༡༩ ཐོབ་བཞིན་དུ་ཡོདཔ་ཨིན་པས།

འཕྲལ་ཁམས་ཅིག་ཁར་ པདྨ་གླིང་ས་ཁོངས་ལས་ མི་༢༠ ཀོ་བིཌ་-༡༩ ཐོབ་མིའི་གྲས་ལས་༡༣ དེ་ ཡོངས་གྲགས་ལུ་ ཇའི་སྒང་ཅའི་ནིསི་ལ་ཡེན་ ཉེ་འདབས་ལུ་ སྡོད་མི་ཚུ་ཨིནམ་ལས་ རྒྱ་ཁྱབ་ས་ཁོངས་༢ པ་དེ་ འཕྲོ་མཐུད་དེ་ར་ བཀག་དམ་འབད་དགོཔ་བྱུང་ནུག།

ད་ལྟོ་ ག་ཅི་འབད་དོ་ག་?

མི་མང་ཤོས་ཅིག་གིས་ སླབ་མིའི་ནང་ གལ་སྲིད་ ཕུན་ཚོགས་གླིང་དེ་ འགྲོ་འགྲུལ་བཀག་དམ་ཧྲིལ་བུ་འབད་བ་ཅིན་ ནད་ཡམས་དེ་ ཚད་འཛིན་འབད་ཚུགས་ནི་བཟུམ་འདུག་ཟེར་ཨིན་པས།

ས་གནས་ནང་སྡོད་མི་ རྣམ་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ གཞུང་གིས་ ནད་ཡམས་ཁྱབ་སྤེལ་ འགྱོ་ནི་ལས་ བཀག་ཐབས་འབད་དགོ་པ་ཅིན་ ས་ཁོངས་ག་ཏེ་ནང་འབད་རུང་ རྩ་ལས་ར་ འགྲོ་འགྲུལ་འབད་མ་ཆོགཔ་ བཟོཝ་དང་གཅིག་ཁར་ ཉེར་མཁོའི་ཅ་ཆས་ཚུ་ དོན་སྨིན་ཅན་སྦེ་ མཁོ་སྤྲོད་འབད་ཚུགསཔ་ བཟོ་དགོ་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཉེར་མཁོའི་ཅ་ཆས་ཚུ་ ལངམ་སྦེ་ཡོདཔ་ལས་ ཕྱིར་ཚོང་དང་ ནང་འདྲེན་མར་ཕབ་འབད་དགོ་པའི་ཁར་ རྡོ་ཕྱིར་བཙོང་འཐབ་མི་ཚུ་ཡང་ དཀའ་ངལ་ཡོདཔ་ལས་ ཚད་འཛིན་འབད་དགོ་མི་དེ་ཡང་ ཁོ་གིས་ སྣུམ་འཁོར་ཊཱག་གི་ དེད་གཡོགཔ་ཚུ་གིས་ སྣུམ་འཁོར་གྱི་ སྒོ་སྒྲིག་ཚུ་ མ་བསྡམས་པར་ འགྱོ་སར་མཐོང་ཅི་ཟེར་ཨིན་པས།

དཔལ་འབྱོར་གྱི་ ཚོང་འབྲེལ་ལྟེ་བ་ ཕུན་ཚོགས་གླིང་དེ་ ཨ་རྟག་གི་ གནས་སྟངས་ནང་ ལྷོད་ནི་ལུ་ དུས་ཚོད་འགོར་ནི་བཟུམ་ཡོདཔ་ད་ གཞུང་གིས་ དེ་ནང་སྡོད་མི་ཚུ་གི་དོན་ལུ་ དམིགས་བསལ་གྱི་ རྒུད་གསོའི་མཐུན་རྐྱེན་བྱིན་དགོཔ་འདུག་ཟེར་ རྣམ་རྒྱལ་རྡོ་རྗེ་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ཁོང་ལུ་ གདོང་ལེན་སྦོམ་ཤོས་ར་ ཁང་གླ་ག་དེ་སྦེ་ སྤྲོད་ཚུགས་འོང་ག་ཟེར་ ཚ་གྱང་ལང་སྟེ་ཡོདཔ་ད་ མི་ག་ར་གིས་ ཀོ་བིཌ་-༡༩ འི་བརྟག་དཔྱད་འབད་དེ་ ལག་ཁྱེར་དགོཔ་ད་ ལ་ལོ་གིས་ བརྟག་དཔྱད་འབད་མ་བཏུབ་པར་ གཡིབ་སྡོད་མི་ཡང་འདུག་ཟེར་ བཤདཔ་ཨིན་པས།

རྒྱ་ཁྱབ་ས་ཁོངས་༢ པའི་ནང་ མང་ཤོས་ར་ ཚོང་པ་དང་ དངུལ་འབྲེལ་གཙུག་སྡེ་ དེ་ལས་ ཡིག་ཚང་ཚུ་ཡོདཔ་ད་ ཚོང་ཁང་གི་ ཇོ་བདག་ཚུ་ ས་ཁོངས་གཞན་ཁར་ སྡོད་དོ་ཡོདཔ་ལས་ ས་ཁོངས་སྒོ་ཕྱེ་རུང་ དོན་དག་ཅིག་ མི་མཐོངམ་མས་ཟེར་ཨིན་པས།

ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ འགྲུལ་སྐྱོད་བཀག་དམ་ ལྷོད་ཡངས་བཏང་པའི་ཤུལ་ལས་ མང་ཤོས་ཅིག་ རྒྱ་ཁྱབ་ས་ཁོངས་༢ པའི་ནང་ སོང་སྟེ་ཡོདཔ་ལས་ ད་རེས་ ས་ཁོངས་ནང་ ཀོ་བིཌ་-༡༩ ཐོབ་མི་ངོས་བཟུང་འབད་མི་ལུ་བརྟེན་ མི་ཚུ་ ཐོགས་ལུས་ཏེ་ཡོདཔ་ཨིན་པས།

བཟའ་ཆས་ཚོང་པ་ཅིག་གིས་ སླབ་མིའི་ནང་ ཁོ་རའི་ ལས་བྱེདཔ་ཅིག་ རྒྱ་ཁྱབ་ས་ཁོངས་༢ པའི་ནང་ ཁང་གླ་སྤྲོད་དེ་ སྡོད་དགོཔ་བྱུང་སྟེ་ཡོད་ཟེར་ཨིནམ་ད་ འགྲུལ་སྐྱོད་འབད་ཆོག་པའི་ གནང་བ་མ་བྱིན་པ་ཅིན་ དབང་འཛིན་ཚུ་གིས་ ཁོང་ལུ་ སླབ་དགོ་ཟེར་ཨིན་པས།

ས་གནས་ནང་སྡོད་མི་ ནར་བྷ་དུར་གྱིས་ སླབ་མིའི་ནང་ ད་ཚུན་ འགྲོ་འགྲུལ་བཀག་དམ་འབད་མི་གིས་ ཁེ་ཕན་ཅིག་ བྱུང་མ་ཚུགས་པས་ཟེར་ཨིནམ་ད་ གལ་སྲིད་ ད་རུང་ བཀག་དམ་གྱི་ འཆར་གཞི་ཡོད་པ་ཅིན་ ཕུན་ཚོགས་གླིང་གི་ ས་ཁོངས་ག་རའི་ནང་ འབད་དགོཔ་བཟུམ་འདུག་ཟེར་ཨིན་པས།

ཐིམ་ཕུག་ལུ་ ཅ་ཆས་སྐྱེལ་འདྲེན་འབད་མི་ དོས་ཕབ་བཀལ་འབད་སའི་ ས་ཁོངས་ནང་ལས་ འགོ་བཙུགས་ཏེ་ འགྲོ་འགྲུལ་བཀག་དམ་འབད་དགོཔ་འདུག་ཟེར་ཨིནམ་ད་ དེ་མིན་ འཐུས་ཤོར་འབྱུང་ཉེན་སྦོམ་འདུག་ཟེར་ བཤདཔ་ཨིན་པས།

ནད་གཞི་མ་ཐོན་པའི་ ས་ཁོངས་ནང་ སྡོད་མི་ཚུ་ དབུགས་འགམ་སྟེ་ཡོདཔ་ལས་ ཚོས་གཞི་དམརཔོ་སྦེ་ ངོས་འཛིན་མ་འབད་མི་ སྒྲིང་ཁྱིམ་ནང་ཡོད་མི་ཚུ་ ལམ་འགྲུལ་འབད་ཆོགཔ་ བཟོ་བ་ཅིན་ ཉོགས་བཤད་བཀོད་དགོཔ་ མི་འབྱུང་ནི་མས་ཟེར་ཨིན་པས།

བཟའ་ཆས་ཚོང་པ་གིས་ སླབ་མིའི་ནང་ ཉིན་གྲངས་༧ དེ་ཅིག་ འགྲོ་འགྲུལ་རྩ་ལས་འབད་མ་ཆོགཔ་བཟོ་སྟེ་ མི་མང་ལུ་ ནད་ཡམས་ཀྱི་ བརྟག་དཔྱད་འབད་དགོཔ་འདུག་ཟེར་ཨིནམ་ད་ གལ་སྲིད་ བརྟག་དཔྱད་འབད་བར་ འོང་མ་བཏུབ་མི་ཚུ་ ཨར་ཊི་-པི་སི་ཨར་གྱི་ ཟད་འགྲོ་དེ་ ཁོང་ར་ལུ་གཏང་ནི་ བཟོ་དགོཔ་འདུག་ཟེར་ བཤདཔ་ཨིན་པས།

བཀག་དམ་འབད་ཡོད་པའི་ ས་ཁོངས་ཀྱི་ ཚོང་པ་ཚུ་ལུ་ དཀའ་ངལ་ཐོན་ཏེ་ཡོད་མི་ཚུ་ཡང་ ས་ཁོངས་དེ་ནང་ སྨན་ཚོང་ཁང་དང་ བཟའ་ཆས་ཚོང་ཁང་མ་གཏོགས་ ཚོང་ཁང་གཞན་ག་ར་ སྒོ་བསྡམས་ཡོདཔ་ལས་ དངུལ་འབྲེལ་གྱི་ དཀའ་ངལ་བྱུང་སྟེ་ཡོདཔ་ཨིན་པས།

ཚོང་པ་ཚུ་གིས་འབད་བ་ཅིན་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་ དཀའ་ངལ་ཅན་གྱི་ ཚོང་པ་ཚུ་ལུ་ རྒྱབ་སྐྱོར་འབད་ནི་གི་ འཆར་གཞི་དང་ ཐབས་ཤེས་ཚུ་ བཏོན་དགོཔ་མ་ཚད་ ཁོང་གི་དཀའ་ངལ་ཚུ་ ཀོ་བིཌ་-༡༩ འི་ལས་བྱེད་ཚོགས་ཆུང་ལུ་ བཤད་དགོཔ་འདུག་ཟེར་ཨིན་པས།

འཕྲལ་ཁམས་ཅིག་ཁར་ སྨན་ཁང་ནང་ ལཱ་འབད་མི་ཅིག་ ཀོ་བིཌ་-༡༩ འི་ ནད་རྟགས་ཚུ་ སྟོན་ཡོད་རུང་ ཚ་རིམས་སྨན་བཅོས་ཁང་ནང་ ཨིན་ཊི་ཇེན་ བརྟག་དཔྱད་འབདཝ་ད་ ནད་འབུབ་མེད་པའི་ གྲུབ་འབྲས་ཐོན་པའི་ཤུལ་ལས་ མོ་ར་ ཚོང་ཁང་ནང་ ལོག་འགྱོ་བཅུག་ཡོདཔ་ཨིན་པས།

མོ་ར་དང་ མོ་རའི་ཆ་རོགས་༤ ཟུར་བཞག་མཐུན་རྐྱེན་ལྟེ་བའི་ནང་ མ་འགྱོ་བའི་ཧེ་མར་ སྨན་ཚོང་ཁང་ནང་ ཆུ་ཚོད་༢༤ རིང་ སྡོད་ཡོདཔ་བཞིན་དུ་ མོ་དང་གཅིག་ཁར་ གདོང་གཟང་སྟེ་ ལཱ་འབད་མི་༡ བརྩིས་ཏེ་ ཨམ་སྲུ་༢ ཚོང་ཁང་ནང་ར་ ནད་རྟགས་སྟོན་ནི་ འགོ་བཙུགས་ཡོདཔ་ཨིན་པས།

ཁོང་ཆ་ཁྱབ་ ཟུར་བཞག་ནང་ མ་བཞག་པའི་ཧེ་མར་ བརྟག་དཔྱད་འབད་བའི་སྐབས་ ནད་འབུབ་ཐོབ་ཡོདཔ་སྦེ་ གྲུབ་འབྲས་ཐོན་ཡོདཔ་ལས་ ཚ་རིམས་སྨན་བཅོས་ཁང་ནང་ བརྟག་དཔྱད་འབད་མི་དེ་ བརྟན་ཏོག་ཏོ་མེད་པའི་ བརྡ་མཚོན་སྟོནམ་ཨིན་པས།

གལ་སྲིད་ ནད་རྟགས་ཐོན་པ་ཅིན་ སྣང་མེད་སྦེ་ བཞག་ནི་མེད་པར་ ལྷག་པར་དུ་ བརྟག་དཔྱད་འབད་དགོ་ཟེར་ ས་གནས་ནང་ སྡོད་མི་ཚུ་གིས་ བཤདཔ་ཨིན་པས།

རྒྱ་ཁབ་ས་ཁོངས་༡ པ་ལས་ འགྲོ་འགྲུལ་གྱི་ ཐོ་བཀོད་འབད་ནི་ཚུ་ གནས་སྐབས་ཅིག་ མཚམས་འཇོག་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *