ཕུན་ཚོགས་གླིང་ཁྲོམ།

ཕུན་ཚོགས་གླིང་གི་ མི་སྡེ་ལས་ ཀོ་བིཌ་-༡༩ མ་ཐོན་པར་ ཉིན་གྲངས་༦༨ ལང་ཡོདཔ།

༉ འབྲུག་རྒྱལ་ཁབ་ཀྱི་ ཚོང་འབྲེལ་ལྟེ་བ་དང་ ས་མཚམས་ཁྲོམ་སྡེ་ སྦོམ་ཤོས་ཅིག་ཨིན་མི་ ཕུན་ཚོགས་གླིང་དེ་ ཧེ་མའི་ གནས་སྟངས་ནང་ ལོག་ལྷོད་ནི་ལུ་ དུས་ཚོད་འགོར་ནི་ཨིན་རུང་ སྤྱི་ཟླ་༨ པའི་ཚེས་༡༢ ལས་ ཁ་ཙ་ཚུན་ ཕུན་ཚོགས་གླིང་གི་ མི་སྡེ་ལས་ ནད་ཡམས་ཀོ་བིཌ་-༡༩ མ་ཐོན་པར་ ཉིན་གྲངས་༦༨ ལང་ནུག།

དེ་འབདཝ་ལས་ ད་རེས་ནངས་པར་ དམིགས་བསལ་དུ་ བདུན་ཕྲག་ངལ་གསོའི་སྐབས་ ཁྲོམ་ཁར་མི་ལེ་ཤ་ འཐོན་དོ་ཡོདཔ་ད་ ཕུན་ཚོགས་གླིང་ཁྲོམ་སྡེའི་ སློབ་རིམ་༩ པ་ལས་༡༢ པ་ཚུན་གྱི་ སློབ་ཕྲུག་ཚུ་ སྤུ་ན་ཁ་ལུ་ སྤོ་བཤུད་འབད་ཡོད་རུང་ ད་རེས་ ཁྲོམ་སྡེའི་སློབ་གྲྭ་ག་ར་ ལོག་སྒོ་ཕྱེ་སྟེ་ བློ་གསར་ལས་ སློབ་རིམ་༨ ཚུན་གྱི་ སློབ་ཕྲུག་༢,༥༠༠ དེ་ཅིག་ སྔར་ག་ཨིནམ་སྦེ་ སློབ་གྲྭ་ནང་ འགྱོ་དོ་ཡོདཔ་ཨིན་པས།

ནང་རྩེད་བརྩིས་ཏེ་ རྩེད་རིགས་ག་ར་ ལོག་འགོ་བཙུགས་ཡོད་པའི་ཁར་ ཕུན་ཚོགས་གླིང་གི་ མི་སྡེ་ནང་ལས་ འགོ་དང་པ་ ཀོ་བིཌ་-༡༩ ཐོན་ཏེ་ འགྲུལ་སྐྱོད་བཀག་དམ་ འགོ་དང་པ་འབད་བའི་ ནམ་དུས་ལས་ སྒོ་བསྡམས་བཞག་མི་ ཆུ་རྩལ་ཁང་ཡང་ སྒོ་ཕྱེ་སྟེ་ཡོདཔ་ཨིན་པས།

ཚོང་པ་ཚུ་གིས་ སླབ་མིའི་ནང་ ཚོང་འབྲེལ་ལོག་འགོ་བཙུགས་ཡོད་རུང་ འདས་པའི་འགྲོ་འགྲུལ་བཀག་དམ་ལུ་བརྟེན་ ཚོང་འབྲེལ་ལུ་ ཐོ་ཕོག་ཡོདཔ་ལས་ ཧེ་མའི་ གནས་སྟངས་ལུ་ ལྷོད་མ་ཚུགས་པར་ཡོད་ཟེར་ཨིན་པས།

ཚོང་ཁང་ཆུང་ཀུ་ཅིག་ བཙུགས་སྡོད་མི་ རཱཊ་ན་སུ་བྷ་གིས་ སླབ་མིའི་ནང་ མོ་གིས་ ཉིནམ་དག་པ་ཅིག་གི་ཤུལ་ལས་རྐྱངམ་གཅིག་ ལོག་སྤྲོད་དགོཔ་ཡོད་མི་ཚུ་ སྤྲོད་ཚུགས་ཅི་ཟེར་ཨིནམ་ད་ ཕུན་ཚོགས་གླིང་ལུ་ འགྲོ་འགྲུལ་བཀག་དམ་ ཡུན་རིངམོ་སྦེ་ ལུས་མི་ལུ་ མནོ་བསམ་གཏང་ར་མི་ཚུགས་པས་ཟེར་ དྲན་ཚོར་འབདཝ་ཨིན་པས།

སྤྱི་ཟླ་༨ པའི་ནང་ འགྲོ་འགྲུལ་བཀག་དམ་ ཡངས་ཆག་བཏང་པའི་ཤུལ་ལས་ ཕུན་ཚོགས་གླིང་གི་ གནས་སྟངས་དེ་ སྐྱོ་དྲགས་ཅིག་ལུ་ ཐལ་ཡོད་རུང་ ད་ལྟོའི་བར་ནང་ཡང་ ཁྲོམ་ཁར་མི་དེ་ཅིག་ར་ མི་འོང་པས་ཟེར་ ཟ་ཁང་བཙུགས་སྡོད་མི་ ས་ནི་ཏ་གུ་རུང་གིས་ བཤདཔ་ཨིན་པས།

མོ་གིས་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ དཱ་སའིན་དུས་སྟོན་ལུ་བརྟེན་ ཁྲོམ་ཁར་མི་ལེ་ཤ་འོང་ཡོད་རུང་ དུས་ཚོད་གཞན་འབད་བ་ཅིན་ རེས་གཟའ་ཟླ་བ་ལུ་མ་གཏོགས་ དེ་ཅིག་ར་ འོང་ནི་མེད་ཟེར་ཨིན་པས།

འགོ་དཔོན་ཚུ་གི་ ཐོ་བཀོད་དང་འཁྲིལཝ་ད་ དུས་ཅི་ སྤྱི་ཟླ་༤ པའི་ ཟླ་ཕྱེད་ལས་ འགོ་བཙུགས་ཏེ་ ད་ཚུན་ ཕུན་ཚོགས་གླིང་གི་ མི་༨,༠༠༠ དེ་ཅིག་ ས་གནས་གཞན་ཁར་ གནས་སྤོ་སོང་ཡོད་རུང་ གནས་ཐོ་ནང་ ཕུན་ཚོགས་གླིང་ལུ་ ནད་ཡམས་ལུ་བརྟེན་ ཐོགས་ལུས་མི་ མིང་ཐོ་ཚུ་ཡང་ཡོདཔ་ཨིན་པས།

ཚོང་པ་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཕུན་ཚོགས་གླིང་ལས་ རྫོང་ཁག་གཞན་ཁར་སོང་མི་ མང་ཤོས་ཅིག་ ལོག་མི་འོང་ཟེར་ཨིནམ་ད་ ད་རེས་ནངས་པར་ ལོག་འོང་མི་ཚུ་ཡང་ ཕུན་ཚོགས་གླིང་ལུ་ གཏན་འཇགས་སྡོད་མི་དང་ ཚོང་པ་ཚུ་ཨིན་མས་ཟེར་ བཤདཔ་ཨིན་པས།

རྣམ་རྒྱལ་ཁོ་ར་ ཕུན་ཚོགས་གླིང་ཁྲོམ་གི་སྦུག་ལུ་ སྡོད་དོ་ཡོདཔ་ད་ ཁོ་རའི་སྒྲིང་ཁྱིམ་གྱི་ སྦོ་ལོགས་ཁའི་ མི་སྡེ་ནང་ལས་ ཀོ་བིཌ་-༡༩ ཐོན་པའི་སྐབས་ ཁོང་ཆ་ཁྱབ་ སྟེང་སྒོ་ལས་ ཕྱི་ཁར་ ཐོན་མ་བཅུག་ཟེར་ བཤདཔ་ཨིན་པས།

དེ་འབདཝ་ད་ མི་ཚུ་ ཕྱི་ཁར་ཐོན་མ་བཅུག་རུང་ མི་སྡེ་ནང་ལས་ ནད་ཡམས་ཐོན་ཏེ་ར་ སྡོད་ཅི་ཟེར་ཨིནམ་ད་ རྣམ་རྒྱལ་གྱིས་འབད་བ་ཅིན་ འདས་པའི་འགྲོ་འགྲུལ་བཀག་དམ་དེ་གིས་ མི་ཚུ་ལུ་ དཀའ་སྡུག་བྱིན་ཡི་ཟེར་ཨིན་པས།

ཚོང་པ་ཅིག་གིས་ སླབ་མིའི་ནང་ ཕུན་ཚོགས་གླིང་གི་ དཔལ་འབྱོར་གནས་སྟངས་ བསྐྱར་གསོ་འབད་ནི་ལུ་ ལོ་ལེ་ཤ་འགོར་འོང་ཟེར་ཨིནམ་ད་ ད་ལྟོ་ ཕུན་ཚོགས་གླིང་ཁྲོམ་ཁར་ འོང་མི་ཚུ་ཡང་ མང་ཤོས་ར་ བསམ་རྩེ་ལས་ཨིན་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གལ་སྲིད་ ཟུར་བཞག་གི་ དུས་ཡུན་བདུན་ཕྲག་༡ སྡོད་དགོ་མི་དེ་ མེདཔ་མ་བཟོ་བ་ཅིན་ ཕུན་ཚོགས་གླིང་དེ་ ཡར་དྲག་གཏང་མི་ཚུགས་ཟེར་ཨིནམ་ད་ མི་སྡེ་ནང་ལས་ ནད་ཡམས་མ་ཐོན་པ་ཅིན་ ཟུར་བཞག་གི་དུས་ཡུན་དང་ སོར་ཅན་ལུ་ དེད་གཡོགཔ་སོར་དགོ་མིའི་ ལམ་ལུགས་མེདཔ་བཟོ་རུང་ བཏུབ་ནི་མས་ཟེར་ཨིན་པས།

མི་སེར་ཚུ་ ནད་ཡམས་ཀྱི་བརྟག་དཔྱད་ ཨར་ཊི་-པི་སི་ཨར་འབད་བའི་ཤུལ་ལས་ འགྲུལ་སྐྱོད་འབད་ཚུགསཔ་བཟོ་བ་ཅིན་ གཞུང་ལུ་འབད་རུང་ ཟད་འགྲོ་མར་ཕབ་འབད་ཚུགས་ནི་དང་ གལ་སྲིད་ ནད་ཡམས་ཐོན་པ་ཅིན་ སྒྲིག་གཞི་དང་ལམ་ལུགས་ཚུ་ ལོག་ལག་ལེན་འཐབ་དགོ་ཟེར་ཨིན་པས།

ཚོང་པ་ཚུ་གིས་ སླབ་མིའི་ནང་ ག་དེམ་ཅིག་སྦེ་ ས་མཚམས་ས་ཁོངས་ཚུ་ དམ་དམ་སྦེ་ ལྟ་རྟོག་འབད་བ་ཅིན་ བདུན་ཕྲག་༡ གི་ ཟུར་བཞག་ལམ་ལུགས་དེ་ བཞག་དགོཔ་ཅིག་མིན་འདུག་ཟེར་ཨིན་པས།

བརྟག་དཔྱད་དང་ལྟ་རྟོག།

ཉིན་བསྟར་བཞིན་དུ་ མི་བརྒྱ་ལས་བཅད་དེ་ ས་ཁོངས་ཚུ་ ངོས་འཛིན་འབད་དེ་ ཀོ་བིཌ་-༡༩ འི་བརྟག་དཔྱད་འབད་དོ་ཡོདཔ་ད་ སྤྱི་ཟླ་༡༠ པའི་ཚེས་༡༨ ལུ་ ཚ་རིམས་སྨན་བཅོས་ལྟེ་བ་དང་ ཟུར་བཞག་ལྟེ་བ་ དེ་ལས་ མི་མང་བརྟག་དཔྱད་ས་ཁོངས་ལས་ བརྟག་དཔྱད་ཀྱི་དོན་ལུ་ མི་༢༩༣ གྱི་ དཔེ་ཚད་ཚུ་ བསྡུ་ལེན་འབད་ཡོདཔ་ཨིན་པས།

བསམ་རྩེ་ལས་ དཔེ་ཚད་༤ དང་ སིབ་སུ་ལས་ དཔེ་ཚད་༡༥ དེ་ལས་ ལྷ་མོའི་རྫིང་ཁ་ལས་ དཔེ་ཚད་༤༢ ལྷོད་ཡོདཔ་བཞིན་དུ་ དཔེ་ཚད་ག་ར་ལས་ ནད་འབུབ་མེད་པའི་ གྲུབ་འབྲསཐོན་ནུག།

དབང་འཛིན་ཚུ་གིས་ ཕུན་ཚོགས་གླིང་ཁྲོམ་ཁར་ དམ་དམ་སྦེ་ར་ ལྟ་རྟོག་འབད་དོ་ཡོད་པའི་ཁར་ ཁྲིམས་སྲུང་འགག་པ་གིས་ ལམ་ལུགས་དང་མ་འཁྲིལ་མིའི་ མིང་ཐོ་ཚུ་ཡང་ ཐོ་བཀོད་འབད་དོ་ཡོདཔ་ཨིན་པས།

ལྷོ་ཕྱོགས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་དང་འཁྲིལཝ་ད་ ཕུན་ཚོགས་གླིང་ལུ་ སྡོད་མི་ཚུ་ མང་ཤོས་ཅིག་གིས་  ཁ་རས་ཚུ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་དོ་ཡོད་རུང་ དག་པ་ཅིག་གིས་ ལེགས་ཤོམ་སྦེ་ ལག་ལེན་འཐབ་ མི་བཏུབ་པས་ཟེར་ཨིན་པས།

སྤྱི་ཟླ་༡༠ པའི་ཚེས་༡༨ ལུ་ ཕུན་ཚོགས་གླིང་ཁྲོམ་སྡེ་ལས་ མི་༤ གིས་ ཁ་རས་ལེགས་ཤོམ་སྦེ་ ལག་ལེན་མ་འཐབ་མི་ལུ་བརྟེན་ ཁྲིམས་སྲུང་འགག་པ་གིས་ ཐོ་བཀོད་འབད་བའི་ཁར་ སྤྱི་ཟླ་༡༠ པའི་ཚེས་༡༤ ལུ་ མི་༡༩ ཐོ་བཀོད་འབད་མི་ མང་ཤོས་ར་ ཕུན་ཚོགས་གླིང་སྨད་ལས་ཨིན་པས།

ལུང་ཕྱོགས་ལྟ་རྟོག་སྡེ་ཚན་གྱིས་ཡང་ དེད་གཡོགཔ་དང་ ཅ་ཆས་སོར་ས་ སོར་ཅན་ལུ་ ཧང་སྟོང་མར་སྦེ་ ཞིབ་དཔྱད་འབད་དོ་ཡོདཔ་ད་ སྣུམ་འཁོར་སྦོམ་བཏང་མི་ དེད་གཡོགཔ་༥ གིས་ ཉིན་གྲངས་༡༤ ནང་འཁོད་ལུ་ ཀོ་བིཌ་-༡༩ འི་བརྟག་དཔྱད་མ་འབད་བའི་ ཤེས་རྟོགས་བྱུང་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *