ཕུན་ཚོགས་གླིང་ཁྲོམ་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༩༢༥ ཡོད་མི་ལས་༧༦༧ གྱིས་ ཚོགས་རྒྱན་བཙུགས་ཚར་ནུག།

ཕུན་ཚོགས་གླིང་ཁྲོམ་སྡེའི་ མི་ཚུ་གིས་ ཚོགས་རྒྱན་བཙུགས་ཚར་ཡོདཔ།

༉ ད་རིས་ ཁྲོམ་སྡེའི་ཁྲོམ་དཔོན་བཙག་འཐུའི་ཉིན་མར་ དགེ་ལེགས་ཕུག་དང་ ཐིམ་ཕུག་ཁྲོམ་སྡེའི་མི་ཚུ་ ཚོགས་རྒྱན་བཙུགས་པར་ འགྱོ་ནི་ཨིན་རུང་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ འགྲུལ་སྐྱོད་བཀག་དམ་འབད་ཡོདཔ་ལས་ མི་སེར་ཚུ་ རང་སོའི་ཁྱིམ་ནང་ སྡོད་དགོཔ་ཨིན་པས།

ཨིན་རུང་ ཁྲོམ་སྡེ་བཙག་འཐུ་ལུ་ བར་ཆད་མི་འབྱུང་ནི་ཨིན་མི་དེ་ཡང་ ཕུན་ཚོགས་གླིང་ཁྲོམ་སྡེའི་ མི་སེར་ཚུ་གིས་ སྤྱི་ཟླ་༤ པའི་ཚེས་༢༤ དང་༢༥ ལུ་ ཚོགས་རྒྱན་བཙུགས་ཚར་ཡོདཔ་ད་ ཚོགས་རྒྱན་གྱི་ ཉིནམ་མ་རནམ་ལས་ར་ ཚོགས་རྒྱན་བཙུགས་མི་དེ་ རྒྱལ་ཁབ་ནང་ རྒྱལ་རབས་ཅན་ཅིག་ འོང་ནི་ཨིན་པས།

ཕུན་ཚོགས་གླིང་ཁྲོམ་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༩༢༥ ཡོད་མི་ལས་༧༦༧ གྱིས་ ཉིནམ་༢ ཀྱི་སྔ་གོང་ལས་ ཚོགས་རྒྱན་བཙུགས་ཡོདཔ་ད་ ཉིན་གྲངས་༤ ནང་ མི་སེར་༥༡༤ གིས་ ཚོགས་རྒྱན་བཙུགས་ཅི་ཟེར་ ངོས་ལེན་འགོ་དཔོན་ ཀུན་དགའ་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ཁྲོམ་སྡེའི་འདེམས་ཁོངས་༦ ལུ་ ས་ཁོངས་༡༣ ངོས་འཛིན་འབད་དེ་ སྡེ་ཚན་༡༣ བགོ་བཀྲམ་འབད་ཡོདཔ་བཞིན་དུ་ སྡེ་ཚན་རེ་ལུ་ བཙག་འཐུ་འགོ་དཔོན་དང་ བདེ་སྲུངཔ་ ཉེན་སྲུང་གི་དོན་ལུ་ ཁྲིམས་སྲུང་འགག་པ་རེ་ཡོདཔ་ཨིན་པས།

སྡེ་ཚན་ཚུ་གིས་ ཁྱད་ཚད་ལྡན་པའི་ ཚོགས་བཙུགས་མི་ཚུ་གི་ ཁྱིམ་ནང་སོང་སྟེ་ འགྲེམ་ཐོག་ཚོགས་རྒྱན་ བཙུགས་བཅུག་ཡོདཔ་ཨིན་པས།

ངོས་ལེན་འགོ་དཔོན་ ཀུན་དགའ་གིས་ སླབ་མིའི་ནང་ བཙག་འཐུ་ལྷན་ཚོགས་ཀྱིས་ འགྲུལ་སྐྱོད་བཀག་དམ་ལུ་བརྟེན་ རྫོང་ཁག་གཞན་ཁར་ ཐོགས་ལུས་མི་ ཁྱད་ཚད་ལྡན་པའི་ མི་སེར་ཚུ་གི་དོན་ལུ་ དམིགས་བསལ་གྱི་ བདེ་སྒྲིག་བཟོ་ཡི་ཟེར་ཨིན་པས།

རྫོང་ཁག་༢༠ ནང་ཡོད་པའི་ བཙག་འཐུ་ཡིག་ཚང་ ལག་ལེན་འཐབ་ཐོག་ལས་ ཚོགས་རྒྱན་ཡིག་ཤུབས་ཚུ་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ བགོ་བཀྲམ་འབད་ཡོདཔ་བཞིན་དུ་ ཚོགས་རྒྱན་གྱི་ ཡིག་ཤུབས་ཚུ་ཡང་ ཕུན་ཚོགས་གླིང་ལུ་ ལྷོད་དེ་ཡོད་ཟེར་ཨིན་པས།

དམིགས་བསལ་གྱི་ ལམ་ལུགས་ནང་ ཚོགས་རྒྱན་བཙུགས་མི་༡༢༢ ཀྱིས་ ཐོ་བཀོད་འབད་ཡོད་རུང་ མི་༩༦ གིས་ ཚོགས་རྒྱན་བཙུགས་ཡོདཔ་ད་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ མི་༡༥༩ གིས་ ལྷན་ཚོགས་དང་ ཐོ་བཀོད་འབད་ཡོདཔ་ཨིན་པས།

མི་༡༥༣ གྱིས་ རང་སོའི་འགྲེམ་ཐོག་ཚོགས་རྒྱན་ཚུ་ བསྐྱལ་ཡོད་རུང་ མི་༦ གིས་ མ་བསྐྱལ་བར་ཡོདཔ་ད་ ལྷན་ཚོགས་ཀྱིས་ ཕྱིའི་རྒྱལ་ཁབ་ལུ་ འགྲེམ་ཐོག་ཚོགས་རྒྱན་༣༦ བཏང་མི་ལས་༤ རྐྱངམ་གཅིག་ ལོག་ལྷོད་དེ་ཡོདཔ་ཨིན་པས།

ངོས་ལེན་འགོ་དཔོན་ཀུན་དགའ་གིས་ སླབ་མིའི་ནང་ ཁ་ཙ་ ཕྱི་རུ་ཁམས་ཅིག་ཁར་ལྷོད་མི་ འགྲེམ་ཐོག་ཚོགས་རྒྱན་ཚུ་ཡང་ ངོས་ལེན་འབད་འོང་ཟེར་ཨིན་པས།

ཚོགས་རྒྱན་གྱངས་ཁ་རྐྱབ་ནི་དེ་ ཁ་ཙ་ཉིན་མ་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ འགྲེམ་ཐོག་ཚོགས་རྒྱན་ གྱངས་ཁ་རྐྱབ་པའི་སྐབས་དང་ ཁ་ཕྱེཝ་ད་ ཁྲོམ་དཔོན་འདེམས་ངོའི་ འཐུས་མི་ཚུ་གིས་ཡང་ བཅའ་མར་གཏོགས་དགོཔ་ཨིན་པས།

ཀུན་དགའ་གིས་ འཐུས་མི་ཚུ་ལུ་ འགྲུལ་སྐྱོད་ཆོག་ཐམ་བྱིན་ཐོག་ལས་ ལྷན་ཐབས་འབད་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *