པ་སངས་ནོར་བུ་ཏ་མང་།

ཕུན་ཚོགས་གླིང་ཁྲོམ་སྡེའི་ ཚོགས་པའི་དོན་ལུ་ མཐོ་རིམ་ཤེས་ཚད་འཆང་མི་གིས་ དོ་འགྲན་འབད་ནི།

༉ པད་དཀར་ཞིང་འདེམས་ཁོངས་ལས་ ཕུན་ཚོགས་གླིང་ཁྲོམ་སྡེའི་ ཚོགས་པའི་བཙག་འཐུ་ནང་ སྐྱེས་ལོ་༢༨ ལང་མི་ ཨམ་སྲུ་ཅིག་གིས་ དོ་འགྲན་འབད་ནི་ཨིན་པས།

པཱོན་ཕ་དི་བི་ག་ལས་ལུ་ ཀྲོང་གསར་སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་ལས་ འབྲུག་དང་ཧེ་མ་ལ་ཡཱན་སློབ་སྦྱོང་ལས་ གཙུག་ལག་གཞི་རིམ་གྱི་ ཤེས་ཚད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༨ ལུ་ མཐར་འཁྱོལ་ནུག།

ཚོགས་པའི་དོན་ལུ་ དོ་འགྲན་འབད་ནི་གི་ ཐག་མ་བཅད་པའི་ཧེ་མར་ མོ་གིས་ བདེ་སྲུང་གི་ སྦྱོང་བརྡར་ཤོ་ཐེངས་༤༣ པའི་ནང་ བཅའ་མར་གཏོགས་ཏེ་ བདེ་སྲུང་གི་ སྒྲིག་གཡོག་རྒྱུག་སྡོད་ཡོདཔ་ཨིན་པས།

མཐོ་རིམ་ཤེས་ཡོན་མཇུག་བསྡུ་བའི་ཤུལ་ལས་ མོ་གིས་ སྒེར་སྡེ་ཅིག་ནང་ བདག་སྐྱོང་ལས་རོགསཔ་སྦེ་ ལཱ་འབད་ཡོད་པའི་ཁར་ ཕུན་ཚོགས་གླིང་དྲུང་ཁག་ནང་ ལཱ་གི་སྦྱོང་བརྡར་འབད་ཡི་ཟེར་ པཱོན་ཕ་དི་བི་ག་ལས་ཀྱིས་ བཤདཔ་ཨིན་པས།

མོ་གིས་འབད་བ་ཅིན་ མོ་རའི་འདེམས་ཁོངས་ལས་ མི་སེར་ཚུ་གིས་ གདམ་ཁ་མངམ་ བྱིན་ནིའི་དོན་ལུ་ དོ་འགྲན་འབད་དོ་ཟེར་ཨིནམ་ད་ པད་དཀར་ཞིང་ལུ་ འདས་པའི་ཁྲོམ་སྡེའི་བཙག་འཐུ་༢ ནང་ ཚོགས་པའི་དོན་ལུ་ དོ་འགྲན་འབད་མི་ ཕུད་རྡོག་གཅིག་ལས་བརྒལ་ མ་ཐོན་པས་ཟེར་ཨིན་པས།

པཱོན་ཕ་དི་བི་ག་ལས་ཀྱིས་ པད་དཀར་ཞིང་འདེམས་ཁོངས་ནང་ གོང་འཕེལ་གྱི་ ལས་སྣ་གལ་ཅན་ཚུ་ ལེ་ཤ་འབད་དགོཔ་ཡོད་ཟེར་ བཤད་པའི་ཁར་ འདེམས་ཁོངས་ནང་ སློབ་གྲྭ་ཆུང་བ་ཅིག་ དགོཔ་ཡོད་མི་དེ་ཡང་ པད་དཀར་ཞིང་གི་ ཨ་ལོ་མང་ཤོས་ཅིག་ འཆི་མེད་ཐང་ཀ་སློབ་གྲྭ་བར་མའི་ནང་ འགྱོ་དོ་ཡོདཔ་ལས་ ཐག་རིང་དྲག་པས་ཟེར་ བཤདཔ་ཨིན་པས།

དེ་མ་ཚད་ ད་རེས་ འདེམས་ཁོངས་ནང་ གཞི་རྟེན་སྨན་ཁང་ཅིག་ཡང་ མེད་པའི་ཁར་ ཞལ་འཛོམསས་ཅིག་འཚོགས་རུང་ མི་མང་གི་ སྤྱི་དོན་ཁང་མེདཔ་ལས་ མི་སེར་ཚུ་ ཚ་དྲོད་ནང་ ཕྱི་ཁར་སྡོད་དགོཔ་བྱུངམ་མས་ཟེར་ མོ་གིས་ བཤདཔ་ཨིན་པས།

ཁྲོམ་ལམ་བདའ་སྟེ་ གློག་མེ་དང་ མི་མང་སྐྱེལ་འདྲེན་ ཕྱགས་སྙིགས་ དེ་ལས་ གཙང་སྦྲ་དང་ལྡན་པའི་ འཐུང་ཆུའི་མཐུན་རྐྱེན་ཚུ་ཡང་ དགོཔ་ཡོད་ཟེར་ ཚོགས་པའི་འདེམས་ངོ་གིས་ བཤདཔ་ཨིན་པས།

མོ་གིས་འབད་བ་ཅིན་ འདེམས་ཁོངས་དེ་ ཁྲོམ་སྡེ་འོག་ལུ་ཨིན་རུང་ ཁྲོམ་སྡེའི་ཞབས་ཏོག་ མ་ཐོབ་པར་ཡོད་ཟེར་ཨིནམ་ད་ མོ་བརྩིས་ཏེ་ དུས་ཅི་ ཁྲོམ་སྡེ་བཙག་འཐུ་ནང་ ཚོགས་པའི་གོ་གནས་དོན་ལུ་ དོ་འགྲན་འབད་མི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ མི་ངོ་༢ འོང་ནི་ཨིན་པས།

དེ་ཡང་ རིན་ཆེན་སྡིངས་འདེམས་ཁོངས་ལས་ སྐྱེས་ལོ་༣༣ ལང་མི་ པ་སངས་ནོར་བུ་ཏ་མང་གིས་ ལོག་དོ་འགྲན་འབད་དོ་ཡོདཔ་ད་ སྤྱི་ལོ་༢༠༡༦ གི་ ཁྲོམ་སྡེ་བཙག་འཐུ་ནང་ འདེམས་ཁོང་ལས་ བཅའ་མར་གཏོགས་མི་ གཞན་ཕུད་རྡོག་གཅིག་ ཡང་མེདཔ་ལས་ ཁོ་ར་ གདམ་འཐུ་གྲུབ་ཡོདཔ་ཨིན་པས།

པ་སངས་ནོར་བུ་ཏ་མང་ལུ་ རྒྱ་གར་ཀཱོལ་ཀ་ཏ་ལས་ བི་སི་ཨེ་ནང་ གཙུག་ལག་གཞི་རིམ་གྱི་ ཤེས་ཚད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༡ ལུ་ མཐར་འཁྱོལ་ཡོདཔ་ཨིན་པས།

ང་གིས་ ལཱ་ལེ་ཤ་ཅིག་ར་ འགོ་བཙུགས་ཏེ་ཡོད་མི་ཚུ་ མཇུག་བསྡུ་དགོཔ་ཡོདཔ་ལས་ ལོག་བཅའ་མར་གཏོགས་དོ་ཟེར་ པ་སངས་ནོར་བུ་ཏ་མང་གིས་ བཤད་པའི་ཁར་ ས་ཆ་དང་འབྲེལ་བའི་ གནད་དོན་ཚུ་ སེལ་ཐབས་འབད་ནི་ལུ་ གཙོ་རིམ་བཟུང་འོང་ཟེར་ བཤདཔ་ཨིན་པས།

མ་གཞི་ གཞི་རྟེན་མཐུན་རྐྱེན་ཚུ་ལྷོད་དེ་ ལོ་དག་པ་ཅིག་ ཡར་སོ་རུང་ རྒྱུན་སྐྱོང་དང་ སྤུས་ཚད་བལྟ་ནི་དེ་ གདོང་ལེན་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་ད་ ཁོ་ར་ ཧེ་མ་ལས་ ཚོགས་པ་འབད་བའི་ ཉམས་མྱོང་ཡོདཔ་ལས་ ལཱ་ཚུ་ ལྷག་པར་དུ་ དོན་སྨིན་ཅན་སྦེ་ འབད་ཚུགས་ཟེར་ ཚོགས་པ་བགྲེསཔ་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ཁྲོམ་སྡེའི་ས་ཁྲལ་དང་འབྲེལ་བའི་ གནད་དོན་ཚུ་ སེལ་ཐབས་འབད་ནི་ཨིནམ་ད་ ད་རེས་ མང་ཤོས་ཅིག་གིས་ ས་ཁྲལ་སྐོར་ལས་ ལེགས་ཤོམ་སྦེ་ ཧ་མ་གོ་བར་འདུག་ཟེར་ བཤདཔ་ཨིན་པས།

པ་སངས་ནོར་བུ་ཏ་མང་དང་ པཱོན་ཕ་དི་བི་ག་ལས་༢ ཀྱིས་ རང་སོའི་འདེམས་ཁོངས་ལས་ དོ་འགྲན་འབད་མི་ གཞན་མེདཔ་ལས་ བཙག་འཐུ་འགྲུབ་ནི་གི་ འོས་འབབ་ཡོདཔ་ད་ ཕུན་ཚོགས་གླིང་ཁྲོམ་སྡེ་ནང་ ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མི་༩༢༢ ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།


པཱོན་ཕ་དི་བི་ག་ལས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *