ཕུན་ཚོགས་གླིང་ཁྲོམ་སྡེའི་ སྨད་འདེམས་ཁོངས་ཀྱི་ཚོགས་པ་ བཙག་འཐུ་གྲུབ་ཡོདཔ།

༉ ཁ་ཙ་ ཕུན་ཚོགས་གླིང་ཁྲོམ་སྡེའི་ སྨད་འདེམས་ཁོངས་ཀྱི་ ཚོགས་པའི་དོན་ལུ་ དུས་མིན་བཙག་འཐུ་ འགོ་འདྲེན་འཐབ་པའི་སྐབས་ དོ་འགྲན་འབད་མི་ གཞན་མེདཔ་ལས་ སྐྱེས་ལོ་༣༥ ལང་མི་ ཆུང་ཀུ་ཟླ་བ་གིས་ དགོ་ཟེར་མི་ཚོགས་རྒྱན་༣༡ དང་ མི་དགོ་༡ ཐོབ་སྟེ་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།
ཆུང་ཀུ་ཟླ་བ་གིས་ ཀུན་གསལ་ལུ་ སླབ་དོ་བཟུམ་འབད་བ་ཅིན་ མོ་ར་ བཙག་འཐུ་གྲུབ་མི་དེ་ཡང་ ཚོགས་རྒྱན་བཙུགས་མི་ཚུ་གིས་ མོ་ལུ་ འགན་ཁུར་བྱིན་པའི་ བརྡ་མཚོན་ཨིན་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ གྲུབ་འབྲས་དེ་ལུ་ སེམས་དགའ་ཡི་ཟེར་ཨིནམ་ད་ ཕུན་ཚོགས་གླིང་གི་ སྨད་འདེམས་ཁོངས་དེ་ ཁག་ཆེ་ཤོས་ཅིག་འབདཝ་ལས་ ག་དེ་དྲག་དྲག་ རྩ་འགེངས་ཏེ་ ཕྱག་ཞུ་ནི་ཨིན་ཟེར་ སླབ་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་སྨད་ལུ་ འོས་ལྡན་གྱི་ ཚོགས་རྒྱན་བཙུགས་མི་༡༦༨ དེ་ཅིག་ཡོད་རུང་ ཁ་ཙ་ དུས་མིན་བཙག་འཐུའི་སྐབས་ བཞི་དཔྱ་༡ ལས་བརྒལ་ ཚོགས་རྒྱན་བཙུགས་པར་ མ་འོང་མི་དེ་ཡང་ འོས་ལྡན་གྱི་ ཚོགས་རྒྱན་བཙུགས་མི་ མང་ཤོས་ར་ ཐིམ་ཕུག་ལུ་ སྡོད་ནི་དེ་གིས་ཨིན་པས།
ཆུ་ཁ་དགེ་ལྟག་ནང་རྒེད་འོག་གི་ དར་དགའ་-རྩེབ་སྦྱིས་འདེམས་ཁོངས་ཀྱི་ ཚོགས་པའི་དོན་ལུ་ཡང་ དུས་མིན་བཙག་འཐུ་ འགོ་འདྲེན་འཐབ་ཡོདཔ་ད་ སྤྱི་ཟླ་༤ པའི་ནང་ འགོ་འདྲེན་འཐབ་མི་ དུས་མིན་བཙག་འཐུའི་སྐབས་ ཕུན་ཚོགས་གླིང་ཁྲོམ་སྡེའི་ སྨད་འདེམས་ཁོངས་བཟུམ་སྦེ་ སྤྱི་འོག་དེ་ནང་ཡང་ དོ་འགྲན་འབད་མི་ ག་ཡང་མ་ཐོནམ་ཨིན་པས།
ད་རེས་ཀྱི་ དུས་མིན་བཙག་འཐུའི་སྐབས་ སྐྱེས་ལོ་༢༥ ལང་མི་ མཁའ་འགྲོ་གིས་ བཅའ་མར་གཏོགས་ཡོདཔ་ད་ གཞན་ག་ཡང་ དོ་འགྲན་འབད་མི་མེདཔ་ལས་ ཁོ་གིས་ ཚོགས་རྒྱན་དགོ་༣༥ དང་ མི་དགོ་༡༢ ཐོབ་སྟེ་ བཙག་འཐུ་འབད་ཡོདཔ་ཨིན་པས།
དགེ་ལྟག་ནང་རྒཔོ་ ཀུན་ལེགས་ཀྱིས་ སླབ་མིའི་ནང་ སྤྱི་འོག་ནང་ ཚོགས་པ་མེདཔ་ལས་ འཛིན་སྐྱོང་འཐབ་ནི་ལུ་ ལཱ་ཁག་བཏངམ་མས་ཟེར་ཨིནམ་ད་ གློ་བུར་གྱི་ གནད་དོན་ཚུ་གི་སྐབས་ མི་སེར་དང་ འབྲེལ་བ་འཐབ་མ་ཚུགས་པའི་ དཀའ་ངལ་ཡོདཔ་ལས་ ད་རེས་ བཙག་འཐུ་གྲུབ་མི་དེ་ ལེགས་ཤོམ་སོང་ཡི་ཟེར་ཨིན་པས།
རྒཔོ་གིས་འབད་བ་ཅིན་ རྒེད་འོག་ལས་ བརྡ་དོན་ཚུ་ དུས་ཚོད་ཁར་ ལྷོད་མི་ཚུགས་དོ་ཡོདཔ་མ་ཚད་ ཁག་ཆེ་བའི་ སྐུ་མགྲོན་ཚུ་འོངམ་ད་ བཅའ་སྒྲིག་དང་འབྲེལ་བའི་ ལཱ་ཚུ་འབད་ནི་ནང་ཡང་ ལཱ་ཁག་བཏང་ཡི་ཟེར་ཨིནམ་ད་ རྒྱུན་ལམ་གྱི་ དཀའ་ངལ་ལུ་བརྟེན་ མཁའ་འགྲོ་དང་གཅིག་ཁར་ འབྲེལ་བ་འཐབ་མ་ཚུགས།
དར་དགའ་-རྩེབ་སྦྱིས་འདེམས་ཁོངས་ནང་ འོས་ལྡན་གྱི་ ཚོགས་རྒྱན་བཙུགས་མི་༡༨༣ དེ་ཅིག་ ཡོདཔ་བཞིན་དུ་ དུས་མིན་བཙག་འཐུའི་སྐབས་ མི་གྲངས་༤༧ གྱིས་ ཚོགས་རྒྱན་བཙུགས་པར་ འོང་ཡོད་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *