བདག་མེད་སྦེ་ བཏང་བཞག་མི་རྟ་ཚུ་ བདག་འཛིན་འཐབ་སྟེ་ རྩྭ་ཆག་བྱིན་པའི་བསྒང་།

ཕུན་ཚོགས་གླིང་ཁྲོམ་ཁར་ འཆོལ་ནད་ཐོབ་མི་ རྟ་༢ ཤི་ཡོདཔ།

ཕུན་ཚོགས་གླིང་ཁྲོམ་གྱི་ས་ཁོངས་ནང་ དུས་ཅི་ སྤྱི་ཟླ་༡ པའི་ནང་ལས་ར་ སྤྱང་འཁྱམས་སྡོད་མི་རྟ་ཚུ་ ལྟ་རྟོག་འབད་མ་ཚུགས་པའི་གུ་ འཆོལ་ནད་ཐོབ་ཡོདཔ་མ་ཚད་ ནད་གཞི་ཁྱབ་སྤེལ་འགྱོ་ནིའི་ ཉེན་ཁ་ཅན་གྱི་ གནས་སྟངས་ལུ་གྱུར་ཏེ་འདུག།

ཕུན་ཚོགས་གླིང་ཁྲོམ་སྡེ་ནང་ རྟ་༡༤ ཡོད་ས་ལས་༢ འཕྲལ་ཁམས་ཅིག་ཁར་ ཤི་ཡོདཔ་ད་ སྒོ་ནོར་འགོ་དཔོན་ཚུ་གིས་ བརྟག་དཔྱད་འབད་བའི་སྐབས་ རྟ་གཅིག་ལུ་ འཆོལ་ནད་ཐོབ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།

རྟ་གཞན་དེ་ སྤྱི་ཟླ་༩ པའི་ཚེས་༡༨ ལུ་ ཤི་མི་དེ་ཡང་ ཧེ་མར་ འཆོལ་ནད་ཐོབ་ཡོད་པའི་ ནད་རྟགས་ཚུ་ ཐོན་ཡོདཔ་ཨིན་པས།

རྟ་ཤི་མི་༢ ཀྱི་ཀླདཔ་ཚུ་ ད་རུང་ ཚན་རིག་བརྟག་དཔྱད་འབད་ནིའི་དོན་ལས་ ཐིམ་ཕུག་ལུ་བཏང་ཡོདཔ་ད་ ཁྲོམ་སྡེ་གིས་ ད་ལྟོ་ རྟ་༡༢ སོ་སོར་སྦེ་ བཞག་ཡོདཔ་ད་ རྟ་དེ་ཚུ་ ཞག་གྲངས་༢༠གི་རིང་ ལྟ་རྟོག་འབད་དེ་ བཞག་ནི་ཨིན་པས།

ད་ལྟོ་ཚུན་ རྟ་༡༢ ཀྱི་གྲས་ལས་༢ ལུ་ ནད་རྟགས་སོ་སོར་བཏོན་ཡོདཔ་ད་ ཁྲོམ་སྡེ་འཐུས་མི་ རྒྱ་མཚོ་འབྲུག་པ་གིས་ བཤད་མིའི་ནང་ རྟ་༢ ཆ་རང་གིས་ གྱང་གུ་ མགུ་ཏོ་བརྡུང་ནི་འདུག་ཟེར་ཨིན་པས།

ཁྲོམ་གྱི་ས་ཁོངས་ནང་ རྟ་སྤྱང་འཁྱམས་སྡོད་མི་དེ་ ཧེ་མ་ལས་ར་ ཁྲོམ་སྡེ་ལུ་ དཀའ་ངལ་ཅན་གྱི་ གནད་དོན་ཅིག་ལུ་ གྱུར་ཡོདཔ་ད་ ཁྲོམ་སྡེ་གིས་ ས་གནས་སོ་སོར་ལས་ཕར་ བདའ་བཏང་ཡོད་རུང་ ལོག་འོང་ནི་འདུག་ཟེར་ཨིན་པས།

ཁྲོམ་དཔོན་ ཨུ་ཏར་ ཀུ་མར་ རའི་གིས་ སླབ་མིའི་ནང་ འཁྱམས་སྡོད་མི་རྟ་དེ་ཚུ་ གཡོག་བཀོལ་མ་བཏུབ་མི་ཚུ་ཨིནམ་ལས་ བདག་མེད་སྦེ་ བཏང་བཞགཔ་མས་ཟེར་ཨིན་པས།

ཁྲོམ་སྡེའི་འཐུས་མི་ཚུ་གིས་ རྟ་དེ་ཚུ་ ག་གི་ཨིན་ན་ཡང་ མི་ཤེས་དོ་ཡོདཔ་ད་ སེམས་ཅན་ཚུ་ ལོག་འཁྱིད་བདའ་ནིའི་དོན་ལུ་ གསལ་བསྒྲགས་ག་དེམ་ཅིག་འབད་རུང་ ད་ལྟོ་ཚུན་ ག་ཡང་འོང་མ་བཏུབ་ཨིན་པས།

ཕུན་ཚོགས་གླིང་དང་ ལོག་ཅི་ན་རྒེད་འོག་ཚུ་ནང་ ཧེ་མ་འབད་བ་ཅིན་ རྟ་ཚུ་ ཨ་ལཱན་ཅི་དང་ ཚལ་ལུའི་དོ་ཚུ་ སྐྱེལ་འདྲེན་འབད་ནིའི་དོན་ལས་ ལག་ལེན་འཐབ་སྲོལ་ཡོད་རུང་ ད་རེས་ནངས་པར་ དེ་བཟུམ་འབད་ནི་མིན་འདུག་ཟེར་ ཁྲོམ་དཔོན་གྱིས་ སླབ་ཨིན་པས།

ང་བཅས་ཀྱིས་ ཚེ་ཐར་ཚོགས་པ་ལུ་ བདག་མེད་སྦེ་ལུས་མི་ རྟ་དེ་ཚུ་ ལེན་གནང་ཟེར་སླབ་རུང་ ནོར་དང་ཕགཔ་ཚུ་མ་གཏོགས་ རྟ་ཚུ་ ལེན་མ་བཏུབ་ཟེར་ཨིནམ་ད་ དེ་ཡང་ རྟ་ཚུ་ ཤ་གི་དོན་ལུ་ མ་བསད་ནི་དེ་གིས་ཨིན་པས།

སེམས་ཅན་བཞག་སའི་ ས་ཁོངས་མེད་མི་དེ་ཡང་ ཁྲོམ་སྡེ་ལུ་ གདོང་ལེན་སྦོམ་ཤོས་ཅིག་ཨིནམ་ད་ རྟ་ཚུ་ བཙོག་མཛོད་ཀྱི་ ས་ཁོངས་ཉེ་འདབས་ལུ་ བཞག་དོ་ཡོདཔ་ལས་ འཕྲལ་ཁམས་ཅིག་ཁར་ རྟ་༢ བཙོག་མཛོད་ནང་འཐིམས་ཏེ་ ཤི་ཡོདཔ་ཨིན་པས།

ད་ལྟོ་ རྟ་ཆ་མཉམ་ར་ ཁྲོམ་གྱི་སྦུག་ལུ་ཡོད་མི་ ས་ཁོངས་ཆུང་ཀུ་ཅིག་ནང་ བཞག་སྟེ་ཡོད་རུང་ རྟ་ཚུ་གིས་ མི་ལུ་གནོདཔ་བཀལ་དོ་ཡོདཔ་ལས་ སྤོ་བཤུད་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།

རྟ་བཞག་སའི་ ཉེ་འདབས་ལུ་ཡོད་མི་ མ་ནི་དུང་འཁོར་གྱི་བདག་འཛིན་པ་ བསོད་ནམས་ཀྱིས་ བཤད་མིའི་ནང་ ཁ་ཙ་ལས་ སྒོ་ནོར་སྨན་པ་ཚུ་གིས་ རྟ་ཚུ་ལུ་ འཆོལ་ནད་མི་འཐོབ་ནིའི་ སྨན་ཁབ་བཙུགས་དེས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རྟ་ལུ་འཆོལ་ནད་ཐོབ་འོང་ཟེར་ མ་མནོཝ་ལས་ རྩྭ་ཆག་བྱིན་ཡི་ཟེར་ཨིནམ་ད་ ཁྲོམ་སྡེ་གིས་ རྟ་བཞག་སའི་ ས་ཁོངས་བཟོ་ནིའི་དོན་ལུ་ དངུལ་ཀྲམ་༤༥,༠༠༠ དེ་ཅིག་ ཟད་འགྲོ་བཏང་ཡོདཔ་ད་ ད་རུང་ དངུལ་ཀྲམ་༨༠,༠༠༠ གནས་པའི་ རྟ་བཞག་སའི་ ས་ཁོངས་ཅིག་ཡང་ བཟོ་ནི་ཨིན་པས།

རྟ་ཚུ་ལུ་ རྩྭ་ཆག་བྱིན་ནིའི་དོན་ལས་ ཟད་འགྲོ་སོ་སོར་སྦེ་ བཞག་དགོ་དོ་ཡོདཔ་ད་ རྟ་༡༣ གྱི་དོན་ལས་ ཉིནམ་༢ ལུ་ ཆག་ཀེ་ཇི་༨༠དེ་ཅིག་ མཁོ་སྒྲུབ་འབད་དགོ་པས་ཟེར་ཨིན་པས།

ཁྲོམ་སྡེའི་ འགོ་དཔོན་ཚུ་གིས་ ཉེ་འདབས་ཀྱི་ ས་མཚམས་ཁྲོམ་སྡེ་ལས་ རྩྭ་ཆག་ཚུ་ ཉོ་འབག་དོ་ཡོདཔ་ད་ ཁྲོམ་སྡེའི་འགོ་དཔོན་ རྒྱ་མཚོ་འབྲུག་པ་གིས་ སླབ་མིའི་ནང་ རྟ་ཚུ་ལུ་ རྩྭ་ལེགས་ཤོམ་སྦེ་ མ་བྱིན་པ་ཅིན་ ཕྱི་རུ་སྐད་རྐྱབ་སྟེ་ སྡོདཔ་མས་ཟེར་ཨིན་པས།

རྟ་ཤི་མི་གཉིས་ལུ་ འཆོལ་ནད་ག་དེ་སྦེ་ ཐོབ་ཡོདཔ་ཨིན་ན་ མ་ཤེས་རུང་ མི་ཚུ་གིས་འབད་བ་ཅིན་ རོ་ཁྱི་ཅིག་གིས་ སོ་བཏབ་བྱིན་པའི་ཤུལ་ལས་ ཤི་སོ་ནུག་ཟེར་ སླབ་ཡོདཔ་ད་ ཨིན་རུང་ རོ་ཁྱི་དེ་ ད་ལྟོ་ འཚོལ་མ་འཐོབ་པར་ཡོད་ཟེར་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *