ད་རེས་ ཨའི་ཏ་བར་བཱ་ཛར་ལུ་ ཚོང་ཁང་༧ ལས་བརྒལ་མེདཔ་ཨིན་པས།

ཕུན་བརྟན་ཆུའི་ ཚོང་ཁྲོམ་རྙིངམ་ནང་ ཧེ་མ་བཟུམ་སྦེ་ ཚོང་མགྲོན་པ་ འོང་ནི་མེདཔ།

༉ ཧེ་མ་འབད་བ་ཅིན་ རྩི་རང་ཕུན་བརྟན་ཆུ་རྒེད་འོག་ལྟེ་བ་ལས་ ཀི་ལོ་མི་ཊར་༢ ཀྱི་ ས་ཁར་ཡོད་མི་ ཨའི་ཏ་བ་བར་བཱ་ཛར་ཟེར་ རེས་གཟའ་ཟླ་བའི་ཁྲོམ་དེ་ ཡོངས་གྲགས་ཅན་ཅིག་སྦེ་ གནས་ཡོདཔ་ཨིན་པས།

དེ་ཡང་ རྩི་རང་སྟོད་དང་ གསེར་གྱི་ཐང་ སེམས་ལྗོངས་ དེ་ལས་ ཕན་བརྟན་ཆུ་རྒེད་འོག་༤ གི་ སོ་ནམ་པ་ཚུ་ ཁོང་རའི་ སོ་ནམ་ཐོན་སྐྱེད་བཙོང་ནི་དང་ ཉེར་མཁོའི་ཅ་ཆས་ཚུ་གིས་གཙོས་པའི་ ཤ་དང་ གཡུས་ཆང་ཉོ་བར་ ཁྲོམ་ཆུང་དེ་ནང་ འོང་ནི་ཡོདཔ་ཨིན་པས།

ཨིན་རུང་ འཁོར་ལམ་ཚུ་ ས་གནས་ཐདམ་ཐད་ཁ་ལས་ཕར་ སྦྲེལ་མཐུད་འབད་མི་དང་བསྟུན་ སོ་ནམ་པ་ཚུ་གིས་ རང་སོའི་ཐོན་སྐྱེད་བཙོང་ནི་དང་ ཉོ་ཚོང་རྐྱབ་ནིའི་ ཚོང་ཁྲོམ་གསརཔ་ ཐོབ་མི་ལུ་བརྟེན་ ཚོང་ཁྲོམ་རྙིངམ་དང་ འོང་ནི་མེདཔ་ལས་ ཁྲོམ་སྟོང་ཧ་ཧ་ཐལ་ཡོདཔ་མ་ཚད་ ཚོང་ཁང་དག་པ་ཅིག་ལས་བརྒལ་ མཐོང་གསལ་མི་བྱུང་པས། 

ད་རུང་ ནད་ཡམས་ཀོ་བིཌ་-༡༩ འི་གནས་སྟངས་ཀྱིས་ཡང་ ཚོང་ཁང་ལེ་ཤ་ཅིག་ སྒོ་བསྡམས་དགོཔ་ བྱུང་ཡོདཔ་ལས་ ད་ལྟོ་ ཚོོང་འབྲེལ་འཐབ་མི་ཚོང་པ་༧ རྐྱངམ་གཅིག་ཡོདཔ་ད་ ཁྲོམ་དེ་ནང་ ལག་ཁྲམ་འཆང་མི་༡༦ ཡོདཔ་ཨིན་པས།

ཚོང་པ་ཚུ་གིས་ སླབ་མིའི་ནང་ ཚོང་མགྲོན་པ་མེད་མི་ལུ་བརྟེན་ འོང་འབབ་ཡང་ བཟོ་མི་ཚུགས་པས་ཟེར་ཨིནམ་ད་ ཨའི་ཏ་བ་བཱ་ཛར་དེ་ ལོ་ངོ་བཅུ་ཕྲག་༣ གྱི་ཧེ་མར་ གནས་སྟངས་དེ་བཟུམ་མེདཔ་ལས་ མི་སེར་ཚུ་ འདུ་འཛི་ཅན་གྱི་ ཚོང་འབྲེལ་འཐབ་སའི་ ལྟེ་བ་ཅིག་ཨིན་པས།

དེ་བསྒང་ ཚོང་པ་ཚུ་གིས་ ཤ་དང་ གཡུས་ཆང་ལས་ འགོ་བཙུགས་ཏེ་ སྣ་མང་སྦེ་ ཚོང་འབྲེལ་འཐབ་ཡོདཔ་ད་ ཁྲོམ་དེ་ ཕུན་བརྟན་ཆུ་མ་བརྩིས་བར་ རྩི་རང་སྟོད་དང་ གསེར་གྱི་ཐང་ དེ་ལས་ སེམས་ལྗོངས་རྒེད་འོག་ཚུ་གི་དོན་ལུ་ མེད་ཐབས་མེདཔ་ཅིག་ཨིན་པས།

ཁྲོམ་དེ་ནང་ ཚོང་པ་རྙིང་ཤོས་དེ་ བཀྲིས་ཆོས་གླིང་ལས་ སྐྱེས་ལོ་༧༠ ལང་མི་ བཱ་ལ་རམ་ ཨ་དཱི་ཀ་རི་ཨིནམ་ད་ ཁོ་གིས་ གྱོན་ཆས་ཀྱི་ཚོང་ཁང་བཙུགས་ཏེ་ ད་རེས་ ལོ་༤༠ ལང་དོ་ཡོདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཚོང་རྐྱབ་སའི་ ས་གོ་དེ་ སྤྱི་ལོ་༡༩༤༥ ལས་ར་ སྡོད་ནུག་ཟེར་ཨིནམ་ད་ དེ་བསྒང་ རྩི་རང་ལུ་ ཚོང་འབྲེལ་ལྟེ་བ་༣ ལས་བརྒལ་མེད་ཟེར་ བཤད་པའི་ཁར་ ཚོང་འབྲེལ་ལྟེ་བ་གཞན་༢ དེ་ ཅང་ལྕེ་བཱ་ཛར་དང་ མནྡལ་སྒང་ཁྲོམ་ཆུང་ཀུ་ཚུ་ཨིནམ་བཞིན་དུ་ འགྲམ་ཕུག་ཁྲོམ་དེ་ ཤུལ་ལས་རྐྱངམ་གཅིག་ གཞི་བཙུགས་འབད་ཡི་ཟེར་ བཤདཔ་ཨིན་པས།

སྐྱེས་ལོ་༦༠ ལང་མི་ སཱ་ཇ་གིས་ བདུན་རིམ་བཞིན་དུ་ ཚོད་བསྲེ་བཙོང་པར་ འོང་དོ་ཡོདཔ་ད་ མོ་གིས་འབད་བ་ཅིན་ མོ་ར་ འགོ་དང་པ་ ཁྲོམ་ཁར་འགྱོ་བའི་སྐབས་ གནས་སྐབས་ཀྱི་ཁྱིམ་ནང་ ཚོང་འབྲེལ་འཐབ་སྡོད་ནུག་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ ད་ལྟོ་ གནས་སྟངས་དེ་ བསྒྱུར་བཅོས་ཡར་སོཔ་ལས་ ཚོང་འབྲེལ་ག་ཅི་ར་འཐབ་རུང་ གདོང་ལེན་བྱུངམ་མས་ཟེར་ཨིནམ་ད་ ཚོང་མགྲོན་པ་ཚུ་གིས་ ཀོ་བིཌ་-༡༩ འི་གནས་སྟངས་སྐོར་ལས་ཡང་ ཉམས་མྱོང་ཐོབ་སྟེ་འདུག་ཟེར་ བཤདཔ་ཨིན་པས།

ཌུ་ཀི་པུ་པི་ར་ཊི་གིས་ ད་རེས་འབད་བའི་བསྒང་ལས་ ཁྲོམ་རྙིངམ་དེ་ནང་ བདུན་ཕྲག་ཅིག་ནང་ དངུལ་ཀྲམ་༥༠༠ ལས་བརྒལ་ ཚོང་བཙོང་མི་ཚུགས་པས་ཟེར་ བཤདཔ་ཨིན་པས།

ཚོང་མགྲོན་པ་མངམ་ འོང་བཅུག་ནི་དང་ ཁྲོམ་ཡར་དྲག་གཏང་ནིའི་དོན་ལུ་ བཱ་ལ་རམ་ ཨ་དཱི་ཀ་རི་གིས་ སླབ་མིའི་ནང་ འཁོར་ལམ་ལེགས་བཅོས་དང་ ས་ཁོངས་གོང་འཕེལ་གཏང་དགོཔ་འདུག་ཟེར་ཨིན་པས།

དཱན་མ་ཡ་ བཱན་ད་རི་གི་ ན་ཧིང་ལས་ འགོ་བཙུགས་ཏེ་ ཚོང་མགྲོན་པ་ཚུ་ མར་བབས་སོང་ཡི་ཟེར་ བཤད་པའི་ཁར་ མོ་ར་ སྤྱི་ལོ་༢༠༡༨ ལུ་ ཁྲོམ་ཁར་ལྷོད་པའི་སྐབས་ མི་སེར་མང་ཤོས་ར་ ཁྲོམ་དེ་ནང་ འོང་སར་མཐོང་ཅི་ཟེར་ བཤདཔ་ཨིན་པས།

གལ་སྲིད་ ཁྲོམ་དེ་ གོང་འཕེལ་དང་ གཞི་རྟེན་མཁོ་ཆས་ཚུ་ གཞི་བཙུགས་འབད་བ་ཅིན་ ས་གནས་ཀྱི་ མི་སེར་ཚུ་ལུ་ ལྷན་ཐབས་འབྱུང་ནི་དང་ འགྲམ་ཕུག་ཁྲོམ་ཁར་ འགྱོ་མ་དགོ་པར་ ཟད་འགྲོ་ཡང་ མར་ཕབ་འགྱོ་ནི་མས་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ འགྲམ་ཕུག་ལུ་ འགྱོ་ནི་དང་ ལོག་འོངམ་ད་ གླ་འཁོར་གྱི་གླ་ཆ་ལུ་ དངུལ་ཀྲམ་༤༠༠ དེ་རེ་ སྤྲོད་དགོ་པས་ཟེར་ཨིནམ་ད་ ཚོང་མགྲོན་པ་ མངམ་ཡོད་པ་ཅིན་ ཁོང་གིས་ ཅ་ཆས་ཚུ་ སྣ་མང་སྦེ་ མཁོ་སྒྲུབ་འབད་དེ་ བཞག་འོང་ཟེར་ཨིན་པས།

རྩི་རང་སྟོད་ལས་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་ར་ སྤྱི་ལོ་༢༠༠༠ ལུ་ གཞིས་ཆགས་པའི་སྐབས་ ཨའི་ཏ་བ་བར་བཱ་ཛར་དེ་ ཡོངས་གྲགས་སྦེ་ གནས་ཡོད་པའི་ཁར་ ཅ་ཆས་ཡང་ ག་ཅི་དགོ་རུང་ ཐོབ་ཚུགས་པས་ཟེར་ཨིནམ་ད་ སྤྱི་ལོ་༢༠༠༠ ལས་༢༠༡༥ འི་བར་ན་ ཚོང་ཁང་ཚུ་ཡང་ མར་བབས་སོང་ཡི་ཟེར་ཨིན་པས།

ཕུན་བརྟན་ཆུ་རྒཔོ་ ཤི་བ་ལཱལ་ ཀ་ར་རའེ་གིས་འབད་བ་ཅིན་ ས་ཁོངས་ནང་ ཡན་ལག་ཁྲོམ་ཅིག་ གཞི་བཙུགས་འབད་ནི་གི་ འཆར་གཞི་ཡོད་རུང་ རྩི་རང་ལུ་ ལྟ་བཤལ་ལས་རིམ་ཡོདཔ་ལས་ གོང་འཕེལ་གྱི་ ལས་སྣ་ཚུ་ འགོ་བཙུགས་མ་ཚུགས་ཟེར་ཨིན་པས།

རྒེད་འོག་ནང་ ལྟ་བཤལ་གོང་འཕེལ་ཡར་དྲག་གཏང་ནིའི་དོན་ལས་ གྲོང་ཁྱིམ་གྱི་ སྡོད་གནས་དང་ མཐུན་རྐྱེན་གཞན་ཚུ་ གཞི་བཙུགས་འབད་ནིའི་དོན་ལས་ འབྲུག་ལྟ་བཤལ་ཚོགས་སྡེ་དང་ གྲོས་བསྟུན་འབད་ནིའི་ ལས་འཆར་བརྩམས་ཏེ་ཡོད་ཟེར་ རྒཔོ་གིས་ བཤད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *