ཕམ་ཚུ་གིས་ཡང་ སློབ་ཕྲུག་ཚུ་གི་ཤེས་ཡོན་དོན་ལུ་ འགན་འཁྲི་འབག་དགོཔ།

༉ འདས་པའི་ཉིནམ་དག་པ་ཅིག་གི་ཧེ་མར་ སློབ་ཕྲུག་གི་ཕམ་ཚུ་དང་ སློབ་གྲྭའི་སློབ་དཔོན་ཚུ་གིས་ བཀོད་ཚོགས་ཀྱི་ ཆོས་རྒྱུགས་གྲུབ་འབྲས་ གསལ་བསྒྲགས་འབད་མི་དེ་ལུ་ གྲོས་བསྟུན་འབད་དོ་བཟུམ་སྦེ་ར་ གྲུབ་འབྲས་མར་ཉམས་སོང་ནུག།

ཨ་རྟག་དང་ཕྱདཔ་ད་ དུས་ཅི་གི་ལོ་ནང་ ཁྱད་པར་སྦོམ་སྦེ་ར་ ཆགས་མི་དེ་ཡང་ སློབ་རིམ་༨ པའི་ ཆོས་རྒྱུགས་ནང་ལས་ སློབ་ཕྲུག་ཕྱེད་ཀ་དེ་ཅིག་ མཐར་འཁྱོལ་འབྱུང་མ་ཚུགས་ནི་དེ་གིས་ཨིན།

འདི་བཟུམ་མའི་ ཆོས་རྒྱུགས་ཀྱི་གྲུབ་འབྲས་ལུ་ བསམ་ཞིབ་འབད་ལྟཝ་ད་ ད་རུང་ ང་བཅས་རའི་ རྒྱལ་ཁབ་ནང་ ཤེས་རིག་གི་སྤུས་ཚད་ མར་ཉམས་འགྱོ་བའི་ རྟགས་མཚན་སྟོནམ་ཨིན་མས།

འབྲུག་ལུ་ ཤེས་རིག་གི་སྤུས་ཚད་སྐོར་ལས་ ཐབས་བྱུས་སྣ་ཚོགས་བཏོན་ཏེ་ མདུན་སྐྱོད་འབད་རུང་ འཛོལ་བའི་ལམ་ཕྱོགས་ལུ་ཞུགས་པའི་ དོགས་སྣང་བྱུང་མི་ལེ་ཤ་ཡོདཔ་བཞིན་དུ་ ཤེས་རིག་གི་སྤུས་ཚད་དེ་ གཙོ་བོ་ར་ ག་ཏེ་ལས་ ཉམས་སོཔ་ཨིན་ན་ ཤེས་རྟོགས་འབྱུང་དགོཔ་འདུག།

ང་བཅས་ཀྱི་ ཤེས་རིག་ལམ་ལུགས་དེ་ འོས་ལྡན་ཡོད་མེད་བལྟ་དགོ་མི་དེ་ཡང་ གལ་སྲིད་ ང་བཅས་རའི་ གནས་སྟངས་ནང་ མཐུན་འགྲིག་མེད་པ་ཅིན་ ནང་འདྲེན་འབད་མི་ ལམ་ལུགས་དེ་གིས་ ཕན་རླབས་འབྱུང་ཚུགས་ནི་ལུ་ ལཱ་ཁག་རྐྱབ་ནི་ཨིན་མས།

ང་བཅས་ཀྱིས་ ཤེས་རྟོགས་བྱུང་མི་དང་འཁྲིལ་བ་ཅིན་ ཤེས་རིག་གི་ལམ་ལུགས་དེ་ ལྷག་པར་དུ་ ལེགས་བཅོས་འབད་ཚུགས་པའི་ཁར་ འོས་ལྡན་གང་མང་བཟོ་ཚུགས་ནི་ཨིནམ་ད་ དཔེ་འབད་བ་ཅིན་ ཤེས་རིག་གི་ལམ་ལུགས་ ལེགས་བསྒྱུར་འབད་ནི་དང་ སྤུས་ཚད་ཅན་སྦེ་ བཟོ་ནིའི་དོན་ལུ་ འདས་པའི་ལོ་༥༠ གིས་ མི་ལང་ནི་ཨིནམ་ད་ རྒྱལ་ཁབ་ནང་ ཤེས་རིག་ཕྱིས་སུ་ཅིག་སྦེ་ འགོ་བཙུགས་མི་ལུ་བལྟ་བ་ཅིན་ གྲུབ་འབྲས་ལེགས་ཐོན་བྱུང་ཡོད་པའི་ མངོན་གསལ་ཡང་ བྱུངམ་ཨིན་མས།

ཕྱོགས་གཅིག་ལས་བལྟ་བ་ཅིན་ ང་བཅས་རའི་ སློབ་དཔོན་ཚུ་ སློབ་ཁང་ནང་ ཚད་ལས་བརྒལ་བའི་ སློབ་ཕྲུག་གི་གྱངས་ཁ་ཡོད་མི་ཚུ་ནང་ ལཱ་འབད་དོ་ཡོདཔ་ལས་ སློབ་སྟོན་དོན་ལུ་ གྲ་སྒྲིག་འབད་ནིའི་ དུས་ཚོད་ཉུང་སུ་ཅིག་ལས་ འཐོབ་མ་ཚུགས་པའི་ དཀའ་ངལ་ཡོདཔ་ལས་ སློབ་དཔོན་ཚུ་གིས་ གོ་སྐབས་ལེགས་ཤོམ་འཚོལ་ཏེ་ དགོངས་ཞུ་འབད་འགྱོཝ་ཨིན་མས།

ད་རེས་ ཤེས་རིག་གི་སྤུས་ཚད་ལུ་ དམིགས་གཏད་བསྐྱེད་མི་དང་བསྟུན་ ཁེ་ཕན་སྦོམ་༢ ཡོད་མི་དེ་ཡང་ ང་བཅས་རའི་ གནས་ཚད་ཡར་སེང་འབད་ནིའི་དོན་ལུ་ སྲིད་དོན་རྒྱབ་སྐྱོར་ཡོདཔ་མ་ཚད་ མི་དབང་མངའ་ཞབས་མཆོག་གིས་ གཙོ་རིམ་བཟུང་གནང་མི་ལུ་བརྟེན་ཨིན་མས།

མ་གཞི་ རྒྱལ་ཁབ་ནང་ ལཱ་གཡོག་མ་འཐོབ་པའི་ དཀའ་ངལ་ཡོད་རུང་ སློབ་སྟོན་གྱི་ ཁྱད་རིག་དོན་ལུ་ གདམ་ཁ་རྐྱབ་ནིའི་ གོ་སྐབས་ཡོདཔ་ད་ ཞི་གཡོག་ནང་འབད་བ་ཅིན་ མཐོང་སྣང་ཆེ་བའི་ལཱ་གཡོག་ཚུ་ནང་ ལས་བྱེདཔ་ཚུ་གིས་ ཁྱབ་སྟེ་འདུག། 

ང་བཅས་རའི་ མི་སྡེ་ནང་ ངོས་འཛིན་ཅན་གྱི་ རིག་རྩལ་ཅན་ཚུ་ གྱངས་ཁ་ཆོདཔ་ཅིག་ལས་བརྒལ་མེད་ནི་དེ་གིས་ མཁས་མཆོག་མ་ལང་པའི་ གནས་སྟངས་ལཱ་ཁག་ཅིག་ནང་ ཚུད་དེ་འདུག།

ང་བཅས་རའི་ མི་སྡེ་གི་གནས་སྟངས་དང་འཁྲིལ་ཏེ་ གནས་སྐབས་དང་ སྲིད་བྱུས་གསརཔ་ཚུ་བརྩམ་ནི་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ད་ ཤེས་རིག་དེ་ སློབ་དཔོན་དང་ སློབ་ཕྲུག་ཚུ་རྐྱངམ་གཅིག་ལུ་ དམིགས་གཏད་བསྐྱེད་ནི་མེན་པར་ མི་སྡེ་ཆ་མཉམ་ལས་ར་ མཉམ་འབྲེལ་དགོཔ་ད་ ཤེས་རིག་ལམ་ལུགས་ཐོག་ལས་ ཕམ་དང་སློབ་ཕྲུག་ཚུ་ལུ་ ཤེས་ཡོན་བྱིན་ནི་དེ་ཡང་ ལཱ་ཁག་ཤོས་ཅིག་ཨིན་མས།

ཤེས་རིག་མཁན་ཚུ་གིས་འབད་བ་ཅིན་ ན་གཞོན་ཚུ་ལུ་ ཤེས་ཡོན་བྱིན་ནི་དེ་ སློབ་གྲྭ་དང་ སློབ་དཔོན་ཚུ་རྐྱངམ་གཅིག་ལུ་ འགན་ཁུར་བཀལ་བཞགཔ་མས་ཟེར་བའི་ ཉོགས་བཤད་བཀོད་དོ་ཡོདཔ་ཨིན་མས།

འདི་བཟུམ་མའི་ གནས་སྟངས་ལུ་ལྟཝ་ད་ ང་བཅས་རའི་ ཕམ་ཚུ་གིས་ཡང་ སློབ་ཕྲུག་ཚུ་ལུ་ ཤེས་ཡོན་བྱིན་ནིའི་ནང་ འགན་འཁྲི་འདྲ་མཉམ་འབག་དགོཔ་འདུག།

About admin

Check Also

འབྲུག་པཱན་ཇབ་དངུལ་ཁང་གི་ ལས་བྱེདཔ་ཅིག་ལུ་ བཙོན་ཁྲིམས་ལོ་༩ ལྷགཔ་ཅིག་ཕོག་ཡོདཔ།

༉ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱིས་ འབྲུག་པཱན་ཇབ་དངུལ་ཁང་གི་ དངུལ་བཏོན་འཕྲུལ་ཆས་ཨེ་ཊི་ཨེམ་གྱི་ ལཱ་འབད་མི་ འཕྲིན་ལས་རྒྱ་མཚོ་གིས་ ཐིམ་ཕུག་ཁྲོམ་ལུ་ཡོད་པའི་ དངུལ་ཁང་གི་ ཨེ་ཊི་ཨེམ་༩ དེ་ཅིག་ལས་ དངུལ་ཀྲམ་ས་ཡ་༡༠ ལྷགཔ་ཅིག་ ཚུལ་མིན་སྒེར་སྤྱོད་འབད་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༩ ལྷགཔ་ཅིག་ …

Leave a Reply

Your email address will not be published. Required fields are marked *