ཕན་རླབས་ཆེ་བའི་ གོང་འཕེལ་ལས་སྣ་ཚུ་གི་ གྲུབ་འབྲས་བཏོན་དགོཔ།

༉ ད་རེས་ རྒྱལ་ཡོངས་ཚོགས་འདུའི་ ཆེད་བསྟོད་ཅན་གྱི་ འཐུས་མི་ཚུ་གིས་ རང་སོའི་ འདེམས་ཁོངས་ཚུ་ནང་ ལྟ་སྐོར་འབད་དོ་ཡོདཔ་བཞིན་དུ་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་རུང་ ཁོང་ཆ་ཁྱབ་ལུ་ དམིགས་གཏད་བཟུངམ་ཨིན་མས།
ང་བཅས་ར་ དམངས་གཙོའི་རིང་ལུགས་ནང་ འདི་བཟུམ་མའི་ ལམ་ལུགས་དེ་ ལེགས་པའི་ཆ་རྐྱེན་ཅིག་ཨིན་པའི་ མངོན་གསལ་བྱུངམ་ཨིན་མས།
གལ་སྲིད་ ང་བཅས་རའི་ ཆེད་བསྟོད་ཅན་གྱི་ འཐུས་མི་ཚུ་གིས་ མི་སེར་གྱི་ཚ་གྱང་དང་ རེ་འདོད་ངོ་མ་ཚུ་ ཤེས་རྟོགས་མེད་པ་ཅིན་ རྒྱལ་ཁབ་དང་ མ་འོངས་ཡུན་རིང་གི་མཐའ་དོན་ལུ་ སྟབས་ཉེས་ཅན་ཅིག་ཨིན་མས།
ང་བཅས་ཀྱིས་ ང་བཅས་ར་ལུ་ ད་ལྟོ་ དམངས་གཙོའི་རིང་ལུགས་ སྲ་བརྟན་མ་འགྱོ་ནི་དེ་གིས་ ལག་ལེན་ནང་ འཕྲལ་འཕྲལ་སྦེ་ར་ འཛོལ་བ་དང་ ནོར་བ་ཚུ་འབྱུང་སྲིད་ཟེར་ སླབ་ཨིན་མས།
དེ་འབདཝ་ད་ ང་བཅས་ཀྱིས་ དམངས་གཙོའི་རིང་ལུགས་ལུ་བརྟེན་པའི་ ཉེན་ཁ་དེ་ཚུ་ སྣང་མེད་སྐྱུར་བཞག་ནི་དེ་ཡང་ ཉེན་འཚུབས་ཅན་ཅིག་ཨིན།
ཕྱོགས་གཅིག་ལས་བལྟ་བ་ཅིན་ ད་ལྟོ་ཚུན་ ང་བཅས་ཀྱིས་ གྲུབ་འབྲས་ལེགས་ཐོན་བྱུང་མི་དེ་ལུ་ དཔའ་ཉམས་དང་ ངལ་རངས་བསྐྱེད་པའི་ གཞི་གནད་ཅིག་ཨིན་རུང་ དོ་འགྲན་ཚུ་ཡང་ མང་སུ་སྦེ་ར་ བྱུངམ་ཨིན་མས།
གོང་འཕེལ་གྱི་ལས་སྣ་ཚུ་ མི་སེར་ཚུ་ལུ་ འབག་འོང་ནི་དེ་ ཁག་ཆེ་དྲགས་ཅིག་ཨིནམ་ད་ དེ་བ་ལྷགཔ་སྦེ་ མི་སེར་ལུ་ ཕན་ཁྱད་ཆེ་བའི་ གོང་འཕེལ་གྱི་ལས་སྣ་ཚུ་ གཞི་བཙུགས་འབད་ནི་དེ་ གཙོ་རིམ་ཅན་ཅིག་ཨིན་མས།
འབྲུག་གིས་ དེང་སང་ལུགས་ཀྱི་ ལམ་ཕྱོགས་ལུ་ ཧབ་རྒྱུག་མདུན་སྐྱོད་འབད་མི་དེ་ ངེས་བདེན་ཅིག་ཨིནམ་ལས་ ང་བཅས་རའི་ གོང་འཕེལ་མཉམ་རོགས་ཚུ་གིས་འབད་རུང་ དུས་ཡུན་ཐུང་ཀུ་ཅིག་ནང་ གྲུབ་འབྲས་ལེགས་ཐོན་བྱུང་མི་དེ་ལུ་ལྟ་སྟེ་ ཡིད་ཆེས་ངལ་རངས་བསྐྱེདཔ་ཨིན་མས།
ང་བཅས་ཀྱིས་ མི་སེར་གྱི་དགོས་མཁོ་ཚུ་ ལེགས་ཤོམ་སྦེ་ ཧ་གོཝ་དང་བསྟུན་ ང་བཅས་རའི་ གཙོ་རིམ་ཚུ་ཡང་ འཛོལ་བ་མེད་པར་ ངེས་བདེན་ཐོབ་སྟེ་ཡོདཔ་ལས་ ཚུལ་མཐུན་བསྟར་སྤྱོད་འབད་ནི་ལུ་ སེམས་ཤུགས་བསྐྱེད་དགོཔ་འདུག།
ང་བཅས་རའི་ གོང་འཕེལ་གྱི་བརྗོད་དོན་དེ་ འཆར་གཞི་འགོ་བཙུགས་པའི་ སྔ་ཆ་ལས་ར་ བསྒྱུར་བཅོས་མ་འགྱོ་བར་ཡོདཔ་ད་ དེ་ཡང་ མང་ཤོས་ར་ གཞི་རྟེན་མཐུན་རྐྱེན་ཚུ་ཨིན་མས།
ལོ་བསྟར་བཞིན་དུ་ ཆུ་དཀོན་སུ་འགྱོ་མི་དེ་གིས་ སོ་ནམ་གྱི་ཐོན་སྐྱེད་ལུ་ གནོད་སྐྱོན་རྐྱབ་དོ་ཡོདཔ་ད་ དེ་བཟུམ་སྦེ་ མི་དང་རི་དྭགས་སེམས་ཅན་བར་ནའི་ བྲེལ་ཟིང་དང་ ལཱ་གཡོག་མེད་པའི་དཀའ་ངལ་ལུ་བརྟེན་ དབུལ་ཕོངས་ཚབས་ཆེན་བཟོ་བའི་ཁར་ གྲོང་གསེབ་ལས་ ཁྲོམ་ཁར་གནས་སྤོ་འགྱོ་བའི་ གདོང་ལེན་བྱུངམ་ཨིན་མས།
འདི་བཟུམ་མའི་ གནད་དོན་ཚུ་ འཕྲོ་མཐུད་བྱུང་མི་ལུ་ རྗེས་དཔྱད་འབད་ལྟཝ་ད་ ད་རུང་ཡང་ འབད་དགོཔ་བཅའ་དགོཔ་ ལེ་ཤ་ཡོད་པའི་ཁར་ སྲིད་དོན་པ་ཚུ་གིས་འབད་རུང་ དཀའ་ངལ་སེལ་ཐབས་དོན་ལུ་ ཁས་བླངས་ཚུ་ འབད་ཡོདཔ་ཨིན།
ད་ལྟོ་ དབང་ཚད་གུ་ཡོད་མི་ ང་བཅས་རའི་ མི་སེར་གྱི་ངོ་ཚབ་ ཆེད་བསྟོད་ཅན་གྱི་ འཐུས་མི་ཚུ་གིས་ ཐབས་ཤེས་གནས་སྐབས་ཚུ་ བསྐྱར་གསོ་འབད་དེ་ སྤྱི་ཚོགས་ནང་ འབག་འོང་ནི་དང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་རུང་ ཁོང་ཆ་ཁྱབ་ལུ་ དུས་དང་དུས་སུ་ དྲན་གསོ་འབད་དགོཔ་འདུག།
མ་གཞི་ དོན་ངོ་མ་ལུ་བལྟ་བ་ཅིན་ མི་སེར་ལུ་ཕན་རླབས་ཆེ་བའི་ གོང་འཕེལ་གྱི་ལས་སྣ་ཚུ་ ལེ་ཤ་གྲུབ་ཡོདཔ་ཨིན་རུང་ འདི་བ་ལྷགཔ་སྦེ་ འབད་དགོཔ་ལེ་ཤ་འདུག།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *