ཕན་རླབས་ཆེ་བའི་གྲོས་ཆོད།

༉ གཞུང་གིས་ འབྲུག་གི་ཏམ་ཁུ་དམ་འཛིན་བཅའ་ཁྲིམས་དེ་ འཕྲི་སྣོན་གྱི་དོན་ལུ་ འཕྲལ་མཁོའི་དཔྱད་ཡིག་སྦེ་ སྤྱི་ཚོགས་ལྷན་བཞུགས་ནང་ བཙུགས་པའི་ཤུལ་ལུ་ འབྲུག་གི་ས་གཏེར་དང་གཏེར་ཁའི་འཕྲི་སྣོན་དཔྱད་ཡིག་བཟུམ་སྦེ་ རྩོད་རྙོགས་མེད་པར་ ཁ་ཙ་ མང་མོས་ཐོག་ལས་ ཆ་འཇོག་གྲུབ་གནང་ཡི།

མ་གཞི་ ཏམ་ཁུ་ལུ་ མ་དགའ་མི་དང་ ཆོས་སྒོར་ཞུགས་མི་ཚུ་ལུ་ ཐུགས་དང་མ་ལྡན་པའི་ གྲོས་ཆོད་ཅིག་ཨིན་རུང་ ད་རིས་ ནད་ཡམས་ཀོ་བིཌ་-༡༩ འི་ཉེན་འཚུབས་བྱུང་པའི་ ནམ་དུས་ལུ་ གཞུང་དང་ སྤྱི་ཚོགས་ཀྱིས་ གནས་སྐབས་ཅིག་གི་དོན་ལུ་ ཐབས་ལམ་བཏོན་མི་ལུ་ ངོས་ལེན་དང་ རྒྱབ་སྐྱོར་ཕུལ་དགོ།

ཧེ་མ་འབད་བ་ཅིན་ ཏམ་ཁུ་ཉོ་བཙོང་འཐབ་མི་ཚུ་གིས་ ཁྲལ་བརྒྱ་ཆ་༡༠༠ བཏབ་དགོཔ་མ་ཚད་ ཏམ་ཁུ་འཐུང་མི་རེ་གིས་ ཟླཝ་༡ ནང་ ཏམ་ཁུ་ཕུད་རྡོག་༨༠༠ དང་ བི་རི་ཕུད་རྡོག་༡,༢༠༠ དེ་ལས་ བཟའ་སྤྱོད་འབད་མི་ བཱ་བཱ་ག་རམ་༧༥༠ ལས་བརྒལ་ ནང་འདྲེན་འབད་ཆོགཔ་ལས་ ནག་ཚོང་འཐབ་མི་ཚུ་གིས་ གོ་སྐབས་ལེན་ཏེ་ ཚོང་འབྲེལ་འཐབ་མི་དང་ ཁྲལ་ལས་ཟུར་ཐབས་འབད་བའི་ གདོང་ལེན་ཚུ་བྱུང་ནུག།

དེ་གི་ནང་ལས་ཡང་ ན་ཧིང་ སྤྱི་ཟླ་༣ པ་ལས་ རྒྱལ་ཁབ་ནང་ ནད་ཡམས་ཐོན་ཏེ་ རྒྱལ་སྤྱི་ས་མཚམས་ཚུ་ སྒོ་བསྡམས་ཞིནམ་ལས་ཚུར་ ཏམ་ཁུ་ནག་ཚོང་འཐབ་མི་ ཡར་འཕར་སོང་ཡོདཔ་མ་ཚད་ ས་མཚམས་ཕྱི་ཁ་ལས་ ནང་ན་ནད་འབུབ་བསྐྱལ་ཡོད་པའི་ གནད་དོན་ཚུ་ཡང་ཐོན་ནུག།

དཔེར་ན་ ལོ་ལྷགཔ་ཅིག་གི་ ནང་འཁོད་ལུ་ ས་མཚམས་ཕྱི་ཁ་ལས་ ཁྲིམས་འགལ་ཐོག་ དངུལ་ཀྲམ་ས་ཡ་༡༧.༨༡༤ ལྷགཔ་ཅིག་གི་ ཏམ་ཁུའི་ཐོན་སྐྱེད་ནང་འདྲེན་འབད་མི་ཚུ་ འཕྱོག་བཟུང་འབད་ཡོདཔ་ད་ ཁྲལ་མ་བཏབ་མི་ལས་ གཞུང་གི་འོང་འབབ་ལུ་ དངུལ་ཀྲམ་ས་ཡ་༣༥.༦༢༩ ལྷགཔ་ཅིག་ གྱོང་རྒུད་ཕོག་ནུག།

ཁྲིམས་སྲུང་འགག་སྡེའི་ གནས་ཐོ་དང་འཁྲིལཝ་ད་ འདས་པའི་ལོ་༡ གི་ནང་འཁོད་ལུ་ ཏམ་ཁུ་ནག་ཚོང་འཐབ་མི་༡༤༤ འཛིན་བཟུང་འབད་མི་ལས་ མི་༤༤ བཙོན་ཁྲིམས་ཕོག་ཡོདཔ་ལས་ གནད་དོན་གཞན་ཚུ་ རྩོད་བཤེར་དང་ ཞིབ་དཔྱད་འབད་བའི་བསྒང་འདུག།

གཞུང་གིས་ ན་ཧིང་ སྤྱི་ཟླ་༨ པའི་ནང་ འབྲུག་ཁྲལ་ཡངས་ཚོང་ལས་ཚད་འཛིན་བརྒྱུད་དེ་ ཏམ་ཁུ་ཚུ་ ཁྲལ་བརྒྱ་ཆ་༡༠༠ ཐོག་ལུ་ བཙོང་ཆོགཔ་བཟོ་མི་ལས་ དངུལ་ཀྲམ་ས་ཡ་༤༦༩.༧༤ དེ་ཅིག་འོང་འབབ་བཟོ་ནུག།

གལ་སྲིད་ གཞུང་གིས་ ནད་ཡམས་ཀྱི་སྐབས་ལུ་ ཏམ་ཁུ་ཚད་འཛིན་མེད་པར་ ཉོ་བཙོང་འཐབ་ཆོགཔ་ མ་བཟོ་བ་ཅིན་ ཁྱིམ་མཚེས་རྒྱལ་ཁབ་ནང་ ཁྱབ་སྤེལ་སོང་མི་ ཀོ་བིཌ་-༡༩ དང་ དེ་བ་ལྷགཔ་སྦེ་ གནོད་ཉེན་ཆེ་དྲགས་ཡོད་མི་ ཌེལ་ཊ་བེ་རེནཊ་དེ་ ས་མཚམསས་བརྒྱུད་དེ་ རྒྱལ་ཁབ་ནང་ སྤེལ་བ་ཅིན་ བསྐྱལ་ས་སྦོམ་བསྐྱལ་ནི་ཨིན་མས།

ཏམ་ཁུའི་བཅའ་ཁྲིམས་འཕྲི་སྣོན་འབད་མི་དང་བསྟུན་ ད་ལས་ཕར་ ཕྱི་རྒྱལ་ལས་ ནང་འདྲེན་འབད་དེ་ གནམ་གྲུ་ནང་ འབག་འོང་མི་མ་གཏོགས་ ཏམ་ཁུ་ཚུ་ བཙོང་ཁྲལ་མེད་པར་ བཙོང་ཆོགཔ་མ་ཚད་ ཚོང་ཁང་ག་ཏེ་ལས་ཡང་ འཐོབ་ཚུགས་ནི་ཨིནམ་ལས་ ནག་ཚོང་འཐབ་མི་ མི་འཐོན་ནི་དང་ དམིགས་བསལ་དུ་ ས་མཚམས་ཕྱི་ཁ་ལས་ ནད་ཡམས་ཀོ་བིཌ་-༡༩ རྒྱལ་ཁབ་ནང་ན་ སྤེལ་ནི་དེ་བཀག་ཚུགས།

ཨིན་རུང་ ཏམ་ཁུ་འཐུང་མི་དང་ སྤྱོད་མི་ཚུ་ལུ་ ཏམ་ཁུ་དང་འབྲེལ་བའི་ གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་པ་ཡོད་མིའི་སྐོར་ དུས་དང་དུས་སུ་ གོ་བརྡ་སྤྲོད་དེ་ ཏམ་ཁུ་ལག་ལེན་མར་ཕབ་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་དགོཔ་བཞིན་དུ་ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ ལུ་གདོང་ལེན་འབད་དེ་ གནས་སྟངས་ལེགས་ཤོམ་འགྱོཝ་ད་ ང་བཅས་ཀྱིས་ ཏམ་ཁུ་དམ་འཛིན་བཅའ་ཁྲིམས་དེ་ ལོག་སྟེ་ར་ བསྐྱར་ཞིབ་འབད་དགོ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *