ཕན་ནུས་ཅན་གྱི་ ཤེས་ཡོན་དང་ གོ་བརྡ་བྱིན་དགོཔ།

༉ འདས་པའི་ལོ་ངོ་བཅུ་ཕྲག་༢ དེ་ཅིག་གི་ཧེ་མར་ འབྲུག་འདི་ ཆུ་ཤོག་བཀག་དམ་འབད་མི་ རྒྱལ་ཁབ་འགོ་དང་པ་ཨིནམ་ད་ དེ་བསྒང་ འཛམ་གླིང་ནང་ ང་བཅས་རའི་ རྒྱལ་ཁབ་འདི་ ཆུ་ཤོག་མེད་པའི་ རྒྱལ་ཁབ་དང་པ་སྦེ་ ཡོངས་གྲགས་ཐོན་མི་ལུ་བརྟེན་ ད་ལྟོའི་བར་ན་ཡང་ ཕྱི་ཁའི་བརྡ་བརྒྱུད་ཚུ་གིས་ ཆ་བཞགཔ་ཨིན་མས།

ད་རེས་འབདཝ་ད་ གནས་སྟངས་སོ་སོར་ཅིག་ལུ་ གྱུར་ཡོད་མི་དང་བསྟུན་ ཚོང་ཁང་དང་ ཚོད་བསྲེ་ཁྲོམ་ཚུ་ནང་ ཉོ་ཚོང་རྐྱབ་པའི་སྐབས་ བཙུགས་ཧོད་ཆུ་ཤོག་ཚུ་ གོང་ཚད་ཁེ་ཏོག་ཏོ་དང་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགསཔ་ཨིན་མས།

འཕྲལ་ཁམས་ཅིག་ཁར་ ཕུན་ཚོགས་གླིང་ལུ་ སྡོད་མི་ཚུ་གིས་ ཐིམ་ཕུག་དང་ ས་གནས་གཞན་ཁར་ འབག་འགྱོ་མི་ ཆུ་ཤོག་གི་བཙུགས་ཧོད་ཚུ་ ཕུན་ཚོགས་གླིང་ལུ་ ཅ་དམ་འགོ་དཔོན་ཚུ་གིས་ འཕྱོག་བཟུང་འབདཝ་ད་ དྲི་བ་ཚུ་བཀོད་ནི་ འགོ་བཙུགས་ནུག།

ཆུ་ཤོག་བཀག་དམ་འབད་ནི་དེ་ བསམ་གྲུབ་ལྗོངས་མཁར་ལུ་ རྫོང་ཁག་ཚོགས་འདུའི་ གྲོས་ཆོད་དང་བསྟུན་ འགོ་བཙུགས་པའི་ཤུལ་ལས་ དབུས་གཞུང་གིས་ ཆ་འཇོག་འབད་ནུག།

ཆུ་ཤོག་ལག་ལེན་འཐབ་ནིའི་ཐད་ཁར་ དང་པ་ མཐའ་འཁོར་གནས་སྟངས་དང་མ་མཐུན་པའི་ཁར་ གཉིས་པ་ཟེརཝ་ད་ གནོད་ཉེན་ཅན་གྱི་ ཕྱགས་སྙིགས་འབད་མི་ལུ་བརྟེན་ འབྲུག་གིས་ འདི་བཟུམ་མའི་ བརྩོན་ཤུགས་བསྐྱེད་མི་དེ་ལུ་ མཐའ་འཁོར་གནས་སྟངས་མཁས་མཆོག་ཚུ་གིས་ རྗེས་སུ་ཡི་རངས་བསྐྱེདཔ་ཨིན་མས།

ཨིན་རུང་ ཆུ་ཤོག་བཀག་དམ་འབད་མི་དེ་གིས་ ཚུལ་མཐུན་ངོས་ལེན་དང་ ལག་ལེན་འཐབ་མ་ཚུགསཔ་ལས་ སྤྱི་ལོ་༢༠༠༥ དང་༢༠༡༩ ལུ་ ལོག་སྟེ་ར་ བསྟར་སྤྱོད་འབད་ནི་ འགོ་བཙུགས་ཡོད་རུང་ མཐར་འཁྱོལ་བྱུང་མ་འབྱུང་དེ་ ང་བཅས་ར་ ཆ་མཉམ་གྱིས་ ཚོང་ཁང་དང་ ཆུ་གཡུར་ དེ་ལས་ ཕྱགས་སྙིགས་བཀོག་སའི་ ས་ཁོངས་ཚུ་ནང་ལྟཝ་ད་ མཐོང་ཚུགས་པས།

འདི་རྐྱངམ་གཅིག་གིས་མ་ཚད་ བཀག་དམ་གཞན་ཡང་ དཔེ་འབད་བ་ཅིན་ འབྲུག་པའི་ཁྲོམ་སྡེ་ཚུ་ མཛེས་ཆ་དང་ལྡནམ་སྦེ་ བཞག་ནིའི་དོན་ལུ་ བརྡ་བྱང་སྦོམ་ཚུ་ བཀག་ཆ་འབད་དེ་ ང་བཅས་རའི་ གནས་ཚད་དང་མཐུནམ་སྦེ་ བཟོ་ཡོདཔ་ཨིན་རུང་ ད་རེས་འབདཝ་ད་ ལག་ལེན་འཐབ་མ་ཚུགས་པར་ ཡིག་ཤོག་ནང་རྐྱངམ་གཅིག་ ལུསཔ་ཨིན་མས།

འདི་བཟུམ་སྦེ་ ཏམ་ཁུ་བཙོང་མ་ཆོག་པའི་ བཀག་དམ་ཐད་ཁར་འབད་རུང་ རྩོད་རྙོགས་ཅན་དང་ མགུ་འཐོམ་ལེ་ཤ་བྱུང་བའི་ཤུལ་ལས་ ད་རེས་ དགོད་བྲ་བཟུམ་ཅིག་ལུ་ གྱུར་ཡོད་མི་ལུ་ལྟཝ་ད་ རྒྱལ་ཁབ་ནང་ བཀག་དམ་ཚུ་ རྩ་ལས་ར་ བསྟར་སྤྱོད་འབད་མ་ཚུགས་པའི་ དཔེ་སྟོན་ཅིག་ཨིན་མས།

ཏམ་ཁུ་བཀག་དམ་དེ་ སྤྱོ་ལོ་༡༩༩༩ ལུ་ བུམ་ཐང་རྫོག་ཁག་ཚོགས་འདུའི་ གྲོས་ཆོད་ཅིག་ཨིནམ་བཞིན་དུ་ སྤྱི་ལོ་༢༠༠༤ ལུ་ རྒྱལ་ཡོངས་ཚོགས་འདུ་གིས་ གཟུགས་ཁམས་འཕྲོད་བསྟེན་དང་ ནང་ཆོས་དང་འབྲེལ་བའི་ གནད་དོན་༢ ཆ་རའི་ཐོག་ ཏམ་ཁུ་བཙོང་མ་ཆོགཔ་སྦེ་ བཀག་དམ་འབད་ཡི།

ཏམ་ཁུ་བཀག་དམ་བཅའ་ཁྲིམས་༢༠༡༠ གྱིས་ ཏམ་ཁུ་ནག་ཚོང་འཐབ་མི་ ལེ་ཤ་ཅིག་ལུ་ ཉེས་འཛུགས་འབད་ཡོད་རུང་ ལག་ལེན་མར་ཕབ་རྐྱབ་མ་ཚུགས་པའི་ འཐུས་ཤོར་བྱུང་ཡོདཔ་བཞིན་དུ་ ད་རེས་ ནད་ཡམས་ཀོ་བིཌ་-༡༩ འི་སྐབས་ ནག་ཚོང་མར་ཕབ་རྐྱབ་ནིའི་ ཐབས་ལམ་བཟུམ་ཅིག་སྦེ་ ཏམ་ཁུ་བཙོང་ཆོག་པའི་ ཁྲིམས་མཐུན་བཟོ་ཡི།

འབྲུག་ལུ་ བཀག་དམ་ཚུ་ ལག་ལེན་འཐབ་མ་ཚུགས་མི་དེ་ ཆ་མཉམ་གྱིས་ ཤེས་རྟོགས་ཡོད་རུང་ དྲི་བཀོད་མ་འབད་བར་ སྣང་མེད་བཞག་མི་དེ་ དཀའ་ངལ་སྦོམ་ཤོས་ཅིག་ཨིན་མས།

བཀག་དམ་འབད་མི་ཚུ་ མཐར་འཁྱོལ་འབྱུང་ནིའི་དོན་ལུ་ ཐབས་ལམ་དང་ གདམ་ཁ་གཞན་ཚུ་ ངེས་པར་དུ་ བྱིན་དགོཔ་བཞིན་དུ་ དེའི་གྲལ་ལས་ གཅིག་ ཤེས་ཡོན་དང་ གོ་བརྡ་བྱིན་ཚུགས་པ་ཅིན་ ཕན་ནུས་འབྱུང་ཚུགས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *