སུག་བྷ་དུར་ཏ་མང་གིས་ ཕག་ཁྱམ་ཆུ་བཤལ་བཏང་པའི་བསྒང་།

ཕགཔ་གསོ་སྐྱོང་འབད་མི་ལུ་བརྟེན་ འོང་འབབ་ལེགས་ཤོམ་བཟོ་ཚུགས་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ བསམ་གྲུབ་ཆོས་གླིང་དྲུང་ཁག་ནང་ མི་སེར་སོ་ནམ་པ་ཚུ་གིས་ ཕགཔ་གསོ་སྐྱོང་རྒྱ་ཆེ་དྲགས་སྦེ་ར་ འབད་དོ་ཡོདཔ་ལས་ འོང་འབབ་ལེགས་ཤོམ་བཟོ་ཚུགས་ནུག།
དེ་ཚུའི་གྲས་ལས་ གཅིག་ ཕུན་ཚོགས་ཐང་རྒེད་འོག་ སོལ་མེད་ཐང་ལས་ སྐྱེས་ལོ་༤༨ ལང་མི་ སུག་བྷ་དུར་ཏ་མང་ཨིནམ་ད་ གཞུང་གིས་ཡང་ ཕགཔ་གསོ་སྐྱོང་འབད་དོ་ཡོད་རུང་ ད་རེས་ དྲུང་ཁག་ནང་ སྒེར་གྱི་ཐོག་ལས་ ཕགཔ་གསོ་སྐྱོང་འབད་མི་ སྦོམ་ཤོས་ར་ ཁོ་ཨིན་པས།
སུག་བྷ་དུར་ཏ་མང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་ལུ་ ཤ་ཁང་ཅིག་ཡོདཔ་ལས་ ཕགཔ་གསོ་སྐྱོང་དེ་ ཧེ་མ་ལས་ དུམ་གྲ་རེ་ འཐབ་སྡོད་ཅི་ཟེར་ཨིནམ་ད་ ཨིན་རུང་ རྒྱ་ཆེ་དྲགས་སྦེ་ སྤྱི་ལོ་༢༠༡༦ ལས་ ཕགཔ་གི་ཕྱུག་གུ་༦ དེ་ཅིག་ ཉོ་ཐོག་ལས་ འགོ་བཙུགས་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འགོ་དང་པ་ འགོ་བཙུགས་པའི་སྐབས་ རྒྱབ་སྐྱོར་ག་ཅི་ཡང་མེདཔ་ལས་ ཕགཔ་གི་ཁྱིམ་ལ་སོགས་པ་ཚུ་ བཟོ་ནིའི་དོན་ལུ་ དངུལ་ཀྲམ་༣༠༠,༠༠༠ ལྷགཔ་ཅིག་ གནས་ཡོདཔ་བཞིན་དུ་ ཕགཔ་གི་ཕྱུག་གུ་ཚུ་ སྒོ་ནོར་ལས་ཁུངས་ཀྱིས་གནང་རུང་ ཕྱུག་གུ་རེ་ལུ་ དངུལ་ཀྲམ་༡,༥༠༠ རེ་ སྤྲོད་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཕགཔ་དེ་ ཟླཝ་༨ དང་༩ དེ་ཅིག་ ལངམ་ད་རྐྱངམ་གཅིག་མ་གཏོགས་ དེ་འཕྲོ་ལས་ ཚོང་འབྲེལ་འཐབ་མི་ཚུགས་དོ་ཡོདཔ་ལས་ ལཱ་ལེ་ཤ་འབད་དགོ་དེ་ནི་གིས་ ལཱ་ཁག་འདུག་ཟེར་ཨིནམ་ད་ གདོང་ལེན་སྦོམ་ཤོས་ར་ དྲོ་པ་དང་ཕྱི་རུའི་ ལྟོ་བྱིན་ནི་དེ་ ཨིན་ཟེར་ཨིན་པས།
དྲོ་པའི་ཆུ་ཚོད་༨ ཀྱི་ཧེ་མར་ ཕགཔ་ཚུ་གིས་ ཆབ་གསང་བཏང་ཡོད་མི་ཚུ་ ཆུ་གིས་ བཤལ་བཀོག་དོ་ཡོདཔ་བཞིན་དུ་ ཆུ་ཚོད་༨ དང་༩ གི་བར་ན་ དྲོ་པའི་ལྟོ་དང་ ཆུ་ཚོད་༤ དང་༥ གི་བར་ན་ ཕྱི་རུའི་ལྟོ་བྱིན་དོ་ཡོདཔ་བཞིན་དུ་ ཉིནམ་༡ ནང་ ཚར་༣ དང་༤ དེ་ཅིག་ ཆབ་གསང་བཏང་ཡོད་མི་ཚུ་ བཤལ་བཀོག་དགོ་པས་ཟེར་ཨིན་པས།
སུག་བྷ་དུར་ཏ་མང་གིས་ སླབ་མིའི་ནང་ ད་རེས་ནངས་པར་ ཀརྨ་ཕིཌ་གི་ གོང་ཚད་ཡང་ རྒྱ་ཆེ་དྲགས་སྦེ་ ཡར་སེང་འབད་ཡོདཔ་ལས་ ཀརྨ་ཕིཌ་ཕད་ཙེ་༡ ལུ་ དངུལ་ཀྲམ་༡,༦༠༠ དང་༡,༨༠༠ དེ་ཅིག་གི་བར་ན་ སྤྲོད་དགོ་མི་ལུ་བརྟེན་ ཟླཝ་༡ ནང་ ལྟོའི་དོན་ལུ་ར་ དངུལ་ཀྲམ་༤༠,༠༠༠ དང་༥༠,༠༠༠ དེ་ཅིག་ ཟད་འགྲོ་གནསཔ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཀརྨ་ཕིཌ་ཚུ་ གོང་ཚད་ཡར་སེང་འབད་རུང་ འཕྲལ་འཕྲལ་དུས་ཚོད་ཁར་ འཐོབ་མི་ཚུགས་དོ་ཡོདཔ་ལས་ སྦོ་ཟོང་ཀེ་བའི་རིགས་ཅིག་ བྱིན་དགོ་མི་ལུ་བརྟེན་ ངང་ལམ་དང་ བདེ་བ་ཐང་ལ་སོགས་པའི་ ས་ཁོངས་ཚུ་ནང་ སྦོ་ཟོང་འཚོལ་བར་ འགྱོ་བའི་སྐབས་ ཕགཔ་ཚུ་བལྟ་མི་མེད་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཕགཔ་གི་ཕྱུག་གུ་རེ་ལུ་ དངུལ་ཀྲམ་༢,༠༠༠ ལུ་ ཡར་སེང་འབད་ཡོདཔ་བཞིན་དུ་ ཕྱུག་གུ་ཚུ་ཡང་ མོང་སྒར་གླིང་མི་ཐང་ལས་ འབག་འོང་དགོ་པའི་ གདོང་ལེན་ཚུ་ཡོདཔ་ད་ འཕྲལ་འཕྲལ་ཕགཔ་ཚུ་ལུ་ ནད་གཞི་ཚུ་ ཐོབ་དོ་ཡོད་རུང་ སྒོ་ནོར་འགོ་དཔོན་ཚུ་གིས་ སྨན་ཁབ་ལ་སོགས་པའི་ རྒྱབ་སྐྱོར་འབད་དེ་ ཡོད་ཟེར་ཨིན་པས།
ཕགཔ་དེ་ཚུ་ ཁོ་རའི་ ཤ་ཁང་གི་དོན་ལུ་ར་ མི་ལང་དོ་ཡོདཔ་ལས་ ཕགཔ་གི་ཕྱུག་གུ་ཚུ་ ཚོང་འབྲེལ་འཐབ་ནིའི་འཆར་གཞི་མེད་རུང་ སྒོ་ནོར་ལས་ཁུངས་ཀྱིས་ ཕྱུག་གུ་ཚུ་ རྒྱབ་སྐྱོར་འབད་བ་ཅིན་ ཕགཔ་གསོ་སྐྱོང་དེ་ རྒྱ་སྐྱེད་འབད་ནིའི་ འཆར་གཞི་ཡོད་ཟེར་སུག་བྷ་དུར་གྱིས་ བཤདཔ་ཨིན་པས།
སུག་བྷ་དུར་ཏ་མང་གིས་ སླབ་མིའི་ནང་ མི་ཚུ་གིས་ ཕག་ཤ་མཁོ་འདོད་བཀོད་མི་ མི་འོང་དོ་ཡོདཔ་ལས་ ཤ་ཁང་ནང་ར་ བཙོང་དོ་ཟེར་ཨིནམ་ད་ ཕག་ཤ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༦༠ རེ་སྦེ་ བཙོང་པའི་སྐབས་ ཕགཔ་རེ་གིས་ དངུལ་ཀྲམ་༢༦,༠༠༠ ལྷགཔ་ཅིག་ བཟོ་ཚུགས་དོ་ཡོདཔ་ལས་ ཁྲུས་བབས་ཀྱི་དོན་ལུ་ ཕགཔ་༤ བཞག་སྟེ་ཡོད་ཟེར་ཨིནམ་ད་ ད་རེས་ ཁོ་གི་ གསོ་སྐྱོང་ཁང་ནང་ ཕགཔ་༣༠ དེ་ཅིག་འདུག།
ཁོ་གིས་འབད་བ་ཅིན་ གཡུས་ཁའི་མི་ཚུ་གིས་ ཕགཔ་གསོ་སྐྱོང་འབད་བའི་སྐབས་ སྡིག་པ་ལེ་ཤ་ཡོདཔ་ལས་ ག་ཅི་ལུ་བརྟེན་ འབདཝ་སྨོ་ཟེར་བའི་ ཁ་བཏངམ་མས་ཟེར་ཨིནམ་ད་ ཨིན་རུང་ སོ་ནམ་ཞིང་ལཱ་གཞན་ཚུ་ལུ་ རི་དྭགས་གླངམོ་ཆེ་ཚུ་གིས་ གནོདཔ་བཀལ་དོ་ཡོདཔ་ལས་ དངུལ་ཐོག་གཞན་མེད་ནི་དེ་གིས་ སྡིག་པ་ཡོད་རུང་ ཐབས་མེད་པར་ གསོ་སྐྱོང་འབད་དགོ་པས་ཟེར་ཨིན་པས།
ཕུན་ཚོགས་ཐང་རྒེད་འོག་གི་ སྒོ་ནོར་རྒྱ་སྐྱེད་འགོ་དཔོན་ པདྨ་རྒྱལ་མཚན་གྱིས་ སླབ་མིའི་ནང་ དྲུང་ཁག་ནང་ ཕགཔ་གསོ་སྐྱོང་སྦོམ་ཤོས་དེ་ར་ སུག་བྷ་དུར་ཏ་མང་གི་ཨིན་རུང་ ད་ལྟོ་ཚུན་ ག་ནི་ཡང་ རྒྱབ་སྐྱོར་འབད་མ་ཚུགསཔ་ལས་ ད་རེས་ཀྱི་ རྩིས་ལོའི་ནང་ ཕགཔ་གསོ་སྐྱོང་ཁང་རྐྱབ་ནི་དང་ ཟླཝ་༧ གྱི་རིང་ ཕགཔ་གི་ལྟོ་ཚུ་ རྒྱབ་སྐྱོར་འབད་ནིའི་ མ་དངུལ་ཚུ་ བཞག་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་ནང་ རྒེད་འོག་ནང་ལས་ ཕག་ཤ་མེ་ཊིག་ཊཱོན་༤ བཏོན་དགོཔ་སྦེ་ ཚུད་དེ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༨ ལུ་ ཕུན་ཚོགས་ཐང་རྒེད་འོག་ནང་ ཕག་ཤ་མེ་ཊིག་ཊཱོན་༤.༢ ཐོན་སྐྱེད་འབད་ནུག་ཟེར་ཨིནམ་ད་ ད་རེས་ དྲུང་ཁག་ནང་ ཕགཔ་གསོ་སྐྱོང་འབད་མི་༢༠ ལྷགཔ་ཅིག་ ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ཆོས་གླིང་།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *