པི་ཇི་ཌི་ཇིའི་ སློབ་དཔོན་སློབ་སྦྱོང་གི་ དུས་ཡུན་ཟླཝ་༡༨ ལུ་ཡར་སེང་།

༉ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ དུས་ཅི་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལས་ སློབ་དཔོན་ནང་ འཛུལ་ཞུགས་ཀྱི་ པི་ཇི་ཌི་ཇི་སྦྱོང་བརྡར་གྱི་ དུས་ཡུན་དེ་ ཟླཝ་༡༨ ལུ་ ཡར་སེང་འབད་ནུག།
དེ་ཡང་ ཤེས་རིག་ལྷན་ཁག་གིས་ ལྷན་ཚོགས་ལུ་ གྲོས་འཆར་བཙུགས་མི་དང་འཁྲིལ་ཏེ་ ཆ་འཇོག་འབད་ཡོདཔ་ད་ ལྷན་ཚོགས་ཀྱིས་ ཁྱབ་བསྒྲགས་འབད་མི་དང་འཁྲིལཝ་ད་ ཟླ་ངོ་༡༨ རིང་ སློབ་དཔོན་སློབ་སྦྱོང་མཐར་འཁྱོལ་མི་ཚུ་གིས་ ལྟ་རྟོག་དུས་ཡུན་ལོ་༡ བརྩིས་ཏེ་ ལོ་༤ ནང་འཁོད་ལུ་ གོ་གནས་ཡར་སེང་གི་ འོས་འབབ་འདུག།
ད་ཚུན་གྱི་བར་ན་ སྦྱོང་བརྡར་གྱི་ དུས་ཡུན་དེ་ ཟླཝ་༩ རྐྱངམ་གཅིག་ཡོད་པའི་ཁར་ གོ་གནས་ཡར་སེང་ཡང་ ལོ་༥ ནང་འཁོད་ལུ་ འབད་དོ་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༧ པ་ལས་ བསམ་རྩེ་དང་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་༢ ནང་ སློབ་རིམ་༡༢ པ་མཐར་འཁྱོལ་ཏེ་ ལོ་ངོ་༤ གི་རིང་ སློབ་སྦྱོང་གི་དོན་ལུ་ འཛུལ་བཞུགས་འབད་མི་དེ་ མེདཔ་བཟོ་ཡོད་རུང་ སྤྱི་ལོ་༢༠༢༠ ལས་ ཆོས་ཚན་༡༡ ནང་ གཙུག་ལག་ཤེས་རིག་གི་ སྦྱོང་བརྡར་འགོ་བཙུགས་ནི་ཨིན་པས།
སློབ་དཔོན་ཁྱད་རིག་སྡེ་ཚན་གྱི་གཙོ་འཛིན་ བཀྲིས་ལྷ་མོ་གིས་ སླབ་མིའི་ནང་ སློབ་སྦྱོང་གི་ དུས་ཡུན་ཡར་སེང་འབད་མི་དེ་ཡང་ སློབ་དཔོན་གྱི་ སྤུས་ཚད་ཡར་དྲག་གཏང་ནི་དང་ ཤེས་རིག་ལྷན་ཁག་གིས་ སློབ་དཔོན་གྲ་སྒྲིག་གོང་འཕེལ་གཏང་ནི་གི་ ལས་རིམ་ཅིག་ཡང་ འགོ་བཙུགས་ནུག་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ འབྲེལ་ཡོད་ལས་སྡེ་དང་ རྒྱལ་གཞུང་ཤེས་རིག་ཚོགས་སྡེ་གིས་ བརྟག་ཞིབ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ ཤེས་རིག་ཌིབ་ལོ་མའི་ སྦྱོང་བརྡར་ནང་ལས་ མཐར་འཁྱོལ་མི་ཚུ་གིས་ སློབ་གྲྭ་གོང་མ་ཚུ་ནང་ སློབ་སྟོན་འབད་ནི་ལུ་ གྲ་སྒྲིག་མེདཔ་བཟུམ་ ཤེས་རྟོགས་བྱུང་ནུག་ཟེར་ཨིན་པས།
དེ་མ་ཚད་ དམིགས་བསལ་དུ་ སློབ་གྲྭ་གོང་མ་ཚུ་ནང་ སློབ་དཔོན་གྱི་ སྤུས་ཚད་ཡང་ ལེགས་ཤོམ་མེད་པའི་ཁར་ གཙུག་ལག་གཞི་རིམ་མཐར་འཁྱོལ་མི་ སློབ་དཔོན་ཚུ་གིས་ སློབ་རིམ་༩-༡༢ པ་ཚུན་ དཔེ་ཆ་སྟོན་ནི་ལུ་ ལྕོགས་གྲུབ་མེད་པའི་སྐོར་ལས་ཡང་ མངོན་གསལ་བྱུང་ནུག་ཟེར་ བཀྲིས་ལྷ་མོ་གིས་ བཤདཔ་ཨིན་པས།
དེ་འབདཝ་ལས་ ལྷན་ཁག་གིས་ སྦྱོང་བརྡར་མེདཔ་བཟོ་ནི་སྦེ་ གྲོས་འཆར་བཙུགས་ཡོདཔ་ད་ ད་ལས་ཕར་ སློབ་གྲྭ་གོང་མ་ཚུ་ནང་ སློབ་དཔོན་ཚུ་ཡང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ འོང་དགོཔ་ཨིན་པས།
ཤེས་རིག་མཐོ་རིམ་སློབ་གྲྭ་ཚུ་ནང་ ལེགས་བསྒྱུར་འབད་མི་ལུ་བརྟེན་ སློབ་དཔོན་ཚུ་གིས་ རང་སོའི་སློབ་སྟོན་འབད་མི་ ཆོས་ཚན་ནང་ རང་སོའི་ཁྱད་རིག་ཚུ་ ཡར་སེང་འབད་ནིའི་ གོ་སྐབས་འཐོབ་ནི་དང་ ལེགས་བསྒྱུར་དེ་ཡང་ ཤེས་རིག་མཐོ་རིམ་སློབ་གྲྭ་དང་ མཐར་འཁྱོལ་མི་སློབ་ཕྲུག་ དེ་ལས་ སློབ་གྲྭ་ཚུ་གིས་ སྦྱོང་བརྡར་གྱི་ དུས་ཡུན་ཟླཝ་༩ གི་ སློབ་སྟོན་ལག་ལེན་ སྦྱོང་བརྡར་འབད་ནི་གི་ དུས་ཡུན་དེ་ ཉུངམ་མས་ཟེར་ བསམ་ལན་དང་འཁྲིལ་ཏེ་ བཟོ་ཡོདཔ་ཨིན་པས།
བཀྲིས་ལྷ་མོ་གིས་ སླབ་མིའི་ནང་ སློབ་གྲྭ་ཆུང་བ་ཚུ་ནང་ སློབ་སྟོན་འབད་མི་ ཤེས་རིག་སྦྱོང་བརྡར་དེ་ ཨ་རྟག་བཟུམ་སྦེ་ བཞག་འོང་ཟེར་ཨིནམ་ད་ སྦྱོང་བརྡར་དེ་ནང་ སློབ་རིམ་༡༢ པ་ མཐར་འཁྱོལ་མི་ཚུ་གིས་ འཛུལ་ཞུགས་འབད་དེ་ བློ་གསར་ལས་ སློབ་རིམ་༦ པ་ཚུན་རྐྱངམ་གཅིག་ སློབ་སྟོན་འབད་དགོཔ་ཨིན་པས།
དུས་ཅི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཤེས་རིག་སྦྱོང་བརྡར་ནང་ ས་སྟོང་གསལ་བསྒྲགས་༢༦༥ འབད་མི་དེ་ སྤྱི་ལོ་༢༠༡༨ ཕྱདཔ་ད་༦༠ གིས་ ཡར་སེང་འབད་མི་ཚུ་ཡང་ རྫོང་ཁ་ནང་ ས་སྟོང་༡༠༠ ཡོད་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ དེ་གི་ཤུལ་ལས་ ནང་རིག་དང་ ཚན་རིག་ བརྡ་དོན་འཕྲུལ་རིག་ དེ་ལས་ བསླབ་སྟོན་ཚུ་ནང་ ས་སྟོང་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *