བར་རྡོ་-ཀྲོང་འདེམས་ཁོངས་ཀྱི་འཐུས་མི་ མགོན་པོ་ཚེ་རིང་།

པཱན་སྦང་ལུ་ གློག་མེའི་ཨམ་ཡན་ལག་ལྟེ་བ་ གཞི་བཙུགས་འབད་ནི་ལུ་ རྒྱབ་སྐྱོར་ཕུལ་ནི།

༉ པཱན་སྦང་གི་ གློག་མེ་ཨམ་ཡན་ལག་ལྟེ་བ་དང་ ངང་ལམ་གི་ གློག་མེའི་ཨམ་ཡན་ལག་ལྟེ་བ་ གཞི་བཙུགས་འབད་མི་༢ མཐུད་སྦྲེལ་འབད་ཐོག་ལས་ གཞལམ་སྒང་རྫོང་ཁག་གི་ མི་སེར་ཚུ་ལུ་ གློག་མེ་བཀྲམ་སྤེལ་འབདཝ་ད་ ཐག་རིང་ནི་དེ་གིས་ འཕྲལ་འཕྲལ་ར་ གློག་མེ་མེད་པའི་དཀའ་ངལ་ཐོན་དོ་ཡོདཔ་ཨིན་པས།
ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་སྐབས་ བར་རོ་ཀྲོང་-འདེམས་ཁོངས་ཀྱི་འཐུས་མི་ མགོན་པོ་ཚེ་རིང་གིས་ བསྟན་རྒྱས་བློན་པོ་ལུ་ ཞུ་མིའི་ནང་ ད་ལྟོ་ གློག་མེ་བཀྲམ་སྤེལ་འབད་ནིའི་དོན་ལུ་ ཏིང་ཏི་སྦིས་ལུ་ ཡན་ལག་ལྟེ་བའི་ཨམ་གཞི་བཙུགས་འབད་མི་ལས་ བར་དོ་ཀྲོང་གི་ དག་འཕེལ་ལས་བརྒྱུད་དེ་ ནང་སྐོར་དང་ ཤིང་མཁར་ དེ་ལས་ བར་དོ་རྒེད་འོག་ཚུ་ནང་ གློག་མེ་བཀྲམ་སྤེལ་འབད་མི་ལུ་ དཀའ་ངལ་སྦོམ་ཅིག་མེད་ཟེར་ཨིན་པས།
ཨིན་རུང་ ཕི་ཌར་༢ པ་དེ་ནང་ ཏིང་ཏི་སྦིས་ལས་བརྒྱུད་དེ་ སྒོམ་ཕུག་དང་ ཚལ་ལ་ལྗོངས་ ཟུར་འཕེལ་ ཚུར་བ་རང་ ལྡི་ག་ལང་ ལང་དུར་སྦིས་ འདུན་མང་བཅས་ པཱན་སྦང་འདེམས་ཁོངས་ཀྱི་ རྒེད་འོག་༤ ནང་ བཀྲམ་སྤེལ་འབད་དེ་འདུག་ཟེར་ཨིན་པས།
ཁེངས་སྨད་ལུ་ གློག་མེ་བཀྲམ་སྤེལ་འབད་མི་དེ་ ཀི་ལོ་མི་ཊར་༡༥༧ དང་ ཁེངས་ལྟོད་ལུ་ ཀི་ལོ་མི་ཊར་༡༡༤ ལས་བཅད་དེ་ གློག་མེ་བཀྲམ་སྤེལ་འབད་དེ་འདུག་ཟེར་ཨིན་པས།
དེ་གིས་སྦེ་ དྲུང་ཁག་དང་ རྒེད་འོག་བདག་སྐྱོང་ དེ་ལས་ གཡུས་ཚན་ཚུ་ནང་ བདུན་ཕྲག་རེ་ནང་ ཚར་༣ དང་༤ རེ་ གློག་མེ་མེད་པར་སྡོད་དགོ་པའི་དཀའ་ངལ་འདུག་ཟེར་ འཐུས་མི་གིས་ཞུ་ཡི།
མི་སེར་ཚུ་གིས་ དཀའ་ངལ་སེལ་ཐབས་ལུ་ ཐབས་ཤེས་རྣམ་པ་སྣ་ཚོགས་བཏོན་ཏེ་ རྫོང་ཁག་ཚོགས་འདུ་ཐེངས་༨ པ་དང་༩ པའི་ནང་ གསུང་གྲོས་གནང་སྟེ་ གློག་མེའི་ཨམ་ཡན་ལག་ལྟེ་བ་གཅིག་ པཱན་སྦང་ལུ་ གཞི་བཙུགས་འབད་བ་ཅིན་ ཁེངས་སྨད་ཀྱི་ དཀའ་ངལ་ཚུ་ བསལ་ཚུགས་ནིའི་འོས་འབབ་ཡོདཔ་སྦེ་ ཤེས་རྟོགས་བྱུང་ནུག་ཟེར་ཨིན་པས།
དེ་ལུ་ རྫོང་ཁག་ཚོགས་འདུ་གིས་ གྲོས་ཆོད་བཏོན་ཏེ་ སྤྱི་ལོ་༢༠༢༡ ལུ་ བསྟན་རྒྱས་ལྷན་ཁག་ནང་ ཞུ་བ་ཕུལ་ནུག་ཟེར་ འཐུས་མི་གིས་ ཞུ་ཡོདཔ་ད་ བསྟན་རྒྱས་ལྷན་ཁག་འོག་གི་ ནུས་ཤུགས་སླར་འབྱུང་ལས་ཁུངས་དང་ འབྲུག་གློག་མེ་ལས་འཛིན་ལུ་ ཞུ་བ་ཕུལ་ཏེ་ ལོ་ཕྱེད་དང་༢ དེ་ཅིག་འགོར་སོ་རུང་ ད་ལྟོའི་བར་ན་ མི་སྡེའི་ དཀའ་ངལ་བསལ་མ་ཚུགས་པར་ཡོདཔ་སྦེ་ འཐུས་མི་གིས་ཞུ་ཡི།
ས་གནས་གཞུང་གིས་ པཱན་སྦང་ལུ་ གློག་མེ་ཨམ་ཡན་ལག་ལྟེ་བ་ གཞི་བཙུགས་འབད་དགོ་པའི་ཞུ་བ་དེ་ བསྟན་རྒྱས་ལྷན་ཁག་ལུ་ ཡང་བསྐྱར་ཕུལ་བའི་ཁར་ ཧེ་མ་ལས་ ཞུ་བ་ཕུལ་མིའི་གནས་ཚད་ ག་དེམ་ཅིག་ཁར་ལྷོད་དེ་ཡོདཔ་ཨིན་ན་ ཚོགས་དམངས་ལུ་ ཞུ་དགོ་པའི་དྲི་བ་ཨིན་ཟེར་ འཐུས་མི་གིས་ བསྟན་རྒྱས་བློན་པོ་ལུ་ཞུ་ཡི།
བསྟན་རྒྱས་བློན་པོ་ ལོག་ནཱཐ་ ཤར་མ་གིས་ ཞུ་མིའི་ནང་ མ་གཞི་ ཞུ་བ་དེ་ ཧེ་མ་ལས་ར་ ལས་ཁུངས་དང་ འབྲུག་གློག་མེ་ལས་འཛིན་ལུ་ ཕུལ་ཡོདཔ་ཨིན་རུང་ བློན་པོ་ཁོ་ར་ལུ་ ཡི་གུ་ཐོབ་སྟེ་ བདུན་ཕྲག་ལས་བརྒལ་མ་ལང་ཟེར་ཨིན་པས།
སྟབས་མ་བདེཝ་ཡོད་མི་དེ་ ཧེ་མར་ མི་སེར་ག་ར་ལུ་ གློག་མེ་དགོ་ནི་དེ་གིས་ བརྒྱ་ཆ་ལས་བརྒྱ་ཐམ་པ་སྦེ་ གློག་མེ་བཀྲམ་སྤེལ་འབད་ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།
གལ་སྲིད་ རྫོང་ཁག་༢༠ དང་ རྒེད་འོག་༢༠༥ དེ་ལས་ གཡུས་ཚན་ག་རའི་ནང་ སྤུས་ཚད་དང་ལྡན་པའི་ གློག་མེའི་ཀཝ་སྦོམ་གཞི་བཙུགས་འབད་དེ་ གློག་ཐག་ཚུ་སྤྲིངས་ཏེ་ གློག་མེ་བཀྲམ་སྤེལ་འབད་དགོ་པ་ཅིན་ ད་ལྟོའི་བར་ན་ཡང་ བརྒྱ་ལས་བརྒྱ་ཐམ་པ་ གློག་མེ་བཀྲམ་སྤེལ་འབད་མ་ཚུགས་དོ་འོང་ཟེར་ བློན་པོ་གིས་ཞུ་ཡི།
དེ་བསྒང་ གློག་མེ་བརྒྱ་ཐམ་པ་ བཀྲམ་སྤེལ་འབད་ནིའི་དོན་ལུ་ ནགས་ཚལ་དང་ གངས་རི་ ལུང་གཤོང་ བྱག་ལས་ཕར་ གློག་མེའི་ཀཝ་ཆུང་ཀུ་ཚུ་ གཞི་བཙུགས་ཞིནམ་ལས་ གློག་ཐག་རིངམོ་སྦེ་ སྤྲིངས་ཡོདཔ་ལས་ རྒྱལ་ཁབ་ཀྱི་ ས་གོ་ལེ་ཤ་ཅིག་ནང་རང་ དཀའ་ངལ་ཡོདཔ་ཨིན་ཟེར་ཨིན་པས།
དཀའ་ངལ་ཚུ་སེལ་ཐབས་དང་ ཡུན་བརྟན་གནས་ཚུགས་པའི་ གློག་མེ་བཀྲམ་སྤེལ་འབད་དགོ་པ་ཅིན་ དེ་འཕྲོ་ལས་འབད་མ་ཚུགས་རུང་ འགྲོས་ཀྱིས་སྦེ་ འཆར་གཞི་དང་ ལས་རིམ་བརྩམ་ཏེ་ གཞི་བཙུགས་འབད་ནི་ཨིན་ཟེར་ བློན་པོ་གིས་ཞུ་ཡི།
རྒྱལ་ཁབ་ནང་ གློག་མེ་བཀྲམ་སྤེལ་བརྒྱ་ཐམ་པ་འབད་བའི་སྐབས་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༡༠ གྱི་རྩིས་གནས་ཡོདཔ་ད་ སྤུས་ཚད་ལྡན་པའི་ གློག་མེ་བཀྲམ་སྤེལ་འབད་བ་ཅིན་ ད་རུང་ དངུལ་ཀྲམ་ཐེར་འབུམ་༡༠ དེ་ཅིག་ ཟད་འགྲོ་གནས་ནི་མས་ཟེར་ཨིན་པས།
དེ་སྦེ་ གཞི་བཙུགས་ཏེ་ གློག་མེ་བཀྲམ་སྤེལ་འབད་བ་ཅིན་ ཟད་འགྲོ་དེ་ འབྲུག་གློག་མེ་ལས་འཛིན་གྱིས་ གཏང་ནིའི་འོས་འབབ་མེདཔ་ལས་ ཟད་འགྲོ་དེ་གི་དོན་ལུ་ མི་སེར་གྱིས་ར་ ཁྲལ་བཏབ་དགོ་དོ་འོང་ཟེར་ཨིན་པས།
པཱན་སྦང་དྲུང་ཁག་ལུ་ གློག་མེའི་དཀའ་ངལ་དེ་ ངེས་ཏིག་ཡོད་ནི་དེ་གིས་ ཀི་ལོ་མི་ཊར་༡༥༠ ལྷགཔ་ཅིག་ནང་ གློག་ཐག་སྤྲིངས་ཏེ་ གློག་མེ་བཀྲམ་སྤེལ་འབད་ཡོདཔ་བཞིན་དུ་ གཞལམ་སྒང་རྫོང་ཁག་ནང་ གློག་མེ་ལག་ལེན་འཐབ་མི་ གྱངས་ཁ་ལས་འབད་པ་ཅིན་ གུང་པ་༥,༠༥༥ ཡོད་པའི་གྲས་ལས་ པཱན་སྦང་དྲུང་ཁག་ནང་ གུང་པ་༤༦༠ དེ་ཅིག་ཡོདཔ་ལས་ ནུས་ཤུགས་མེ་ག་ཝཱཊ་༡ ལག་ལེན་འཐབ་ནུག་ཟེར་ བློན་པོ་གིས་ཞུ་ཡི།
བློན་པོ་གིས་ ཞུ་མིའི་ནང་ པཱན་སྦང་དྲུང་ཁག་ནང་ གློག་མེ་ཨམ་ཡན་ལག་ལྟེ་བ་གཅིག་ གཞི་བཙུགས་འབད་དགོ་པ་ཅིན་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣༠༠ ལྷགཔ་ཅིག་ གནས་ནི་ཨིནམ་ད་ དེ་ལུ་ འཕྲུལ་རིག་ཁ་ཐུག་ལས་བལྟ་བ་ཅིན་ འོས་འབབ་ཡོད་རུང་ དངུལ་འབྲེལ་དང་ ཚོང་འབྲེལ་ཁ་ཐུག་ལས་འབད་བ་ཅིན་ འོས་འབབ་མིན་འདུག་ཟེར་ཨིན་པས།
གནས་སྐབས་ཀྱི་ དཀའ་ངལ་སེལ་ཐབས་ལུ་ གློག་མེའི་ཅ་ཆས་ཚུ་ གཞི་བཙུགས་ཞིནམ་ལས་ དཀའ་ངལ་ག་ཏེ་ཡོདཔ་ཨིན་ན་ དེ་འཕྲོ་ལས་ བསལ་ཚུགས་ནིའི་དོན་ལུ་ ལཱ་ཚུ་ ད་རེས་ནངས་པར་ འབད་བའི་བསྒང་ཡོདཔ་ཨིན་པས།
ཧེ་མ་ ངང་ལམ་དང་ པཱན་སྦང་གི་ གཞུང་ལམ་བདའ་སྟེ་ གློག་ཐག་རིངམོ་སྦེ་ སྤྲིངས་མི་དེ་ བསྐྱར་ཞིབ་འབད་དེ་ གྱང་ཐུང་ཀུ་སྦེ་ བཟོ་ནིའི་དོན་ལུ་ ལཱ་ཚུ་འབད་བའི་བསྒང་ཡོད་མི་དེ་ སྤྱི་ལོ་༢༠༢༣ ཟླ་༦ པའི་ནང་འཁོད་ མཇུག་བསྡུ་འོང་ཟེར་ཨིན་པས།
པཱན་སྦང་དྲུང་ཁག་གི་ གློག་མེའི་བཀྲམ་སྤེལ་གྱི་ དཀའ་ངལ་བསལ་ནིའི་དོན་ལུ་ འཆར་གཞི་༡༣ པའི་ནང་ བཙུགས་ནི་ཨིན་ཟེར་ བློན་པོ་གིས་ཞུ་ཡི།
ལྷན་ཐབས་སྦེ་ ལྡོག་ཕྱོགས་འགོ་ཁྲིདཔ་ རྡོ་རྗེ་དབང་འདུས་ཀྱིས་ ཞུ་མིའི་ནང་ གཞལམ་སྒང་རྫོང་ཁག་ནང་ གློག་མེའི་དཀའ་ངལ་ འཕྲལ་འཕྲལ་བྱུང་མིའི་ གནད་དོན་གཙོ་བོ་ར་ པཱན་སྦང་དང་ ངང་ལམ་ཁྲོམ་ནང་ གློག་མེ་ཨམ་ཡན་ལག་ལྟེ་བ་༢ གཞི་བཙུགས་འབད་མིའི་གཉིས་ཀྱི་བར་ན་ ཚུད་ནི་དེ་གིས་ ཀི་ལོ་མི་ཊར་༡༧༠ དེ་ཅིག་ གློག་ཐག་ཚུ་ སྤྲིངས་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ རྫོང་ཁག་དེ་ ནགས་ཚལ་གྱི་ཁྱབ་ཚད་བརྒྱ་ཆ་༩༤ ཡོདཔ་མ་ཚད་ ས་གོ་དེ་ དྲོད་ས་ལུ་ཆགས་ནི་དེ་གིས་ ཤིང་ཚུ་ དུས་ཐུང་ཀུ་ཅིག་ནང་ སྦོམ་ཐལ་དོ་ཡོདཔ་ལས་ དེ་གིས་ གློག་ཐག་ཚུ་ གནོད་སྐྱོན་རྐྱབ་སྟེ་ དཀའ་ངལ་ཐོནམ་མས་ཟེར་ཨིན་པས།
དེ་ལུ་བརྟེན་ གློག་མེ་ཐགཔ་སྤྲིངས་མིའི་ས་གོ་ཚུ་ནང་ ཚལ་མ་དང་ ཤིང་བརྡབ་ནིའི་དོན་ལུ་ འབྲུག་གློག་མེ་ལས་འཛིན་གྱི་ལས་བྱེདཔ་དང་ མི་སེར་ཚུ་ འདྲན་འདྲ་ར་ འགན་ཁུར་འབག་སྟེ་ དཀའཝ་སྤྱད་དོ་ཟེར་ཨིན་པས།
པཱན་སྦང་དེ་ ཡན་ལག་ཁྲོམ་སྦེ་ ངོས་འཛིན་འབད་བའི་ཁར་ ཁྲོམ་གསརཔ་འགོ་བཙུགས་དགོཔ་སྦེ་ བཀའ་གནང་ཡོདཔ་ལས་ གློག་མེའི་ཨམ་ཡན་ལག་ལྟེ་བ་གཞི་བཙུགས་འབད་ནི་དེ་ ཕར་འཕུད་མ་རྐྱབ་པར་ ཟད་འགྲོ་ག་དེམ་ཅིག་གནས་རུང་ དེ་འཕྲོ་ལས་ ལཱ་ཚུ་ འབད་དགོ་པའི་ཁར་ ས་ཡང་ ཕུལ་ཆོག་ཆོ་ར་འདུག་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ཞུ་ཡི།
དེ་ལུ་ བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་ ཞུ་མིའི་ནང་ དཀའ་ངལ་དེ་ ངེས་ཏིག་ཡོདཔ་བཞིན་དུ་ གློག་མེ་ཨམ་ཡན་ལག་ལྟེ་བ་ གཞི་བཙུགས་འབད་དགོ་པའི་སྐོར་ རྫོང་ཁག་ལས་བཏང་མི་ཡི་གུ་དེ་ བློན་པོ་གིས་ ཐོབ་ཡོདཔ་ལས་ གློག་མེ་ལས་འཛིན་དང་ གྲོས་བསྟུན་འབད་ཞིནམ་ལས་ ག་དེ་དྲག་དྲག་ ཆ་རོགས་འབད་ནི་ཨིན་ཟེར་ ཨིན་པས།
པཱན་སྦང་ལུ་ གློག་མེའི་ཨམ་ཡན་ལག་ལྟེ་བ་ གཞི་བཙུགས་འབད་ནི་ལུ་ ལོ་༣ ལྷགཔ་ཅིག་ འགོར་ནི་ཨིན་རུང་ གཞི་བཙུགས་འབད་ནི་ལུ་ རྒྱབ་སྐྱོར་ཕུལ་ནི་ཨིན་ཟེར་ བློན་པོ་གིས་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *