པབ་ཇི་གི་རྩེདམོ་བཀག་ནི་ལུ་ གནས་སྐབས་འཚོལ་དོ་ཡོདཔ།

༉ ཡོངས་འབྲེལ་ཐོག་གི་རྩེདམོ་ པབ་ཇི་གིས་ ན་གཞོན་ཚུ་གི་སེམས་ཁམས་ལུ་ གནོད་པ་སྦོམ་སྦེ་ར་ རྐྱབ་དོ་ཡོདཔ་ལས་ བཀག་ཐབས་ཚུ་ བཏོན་པའི་བསྒང་ཡོད་ཟེར་ཨིན་པས།

དེ་དང་འཁྲིལ་ བརྡ་དོན་དང་བརྒྱུད་འབྲེལ་བློན་པོ་ ཀརྨ་རྡོ་གནོན་དབང་འདུས་ཀྱིས་ སྤྱི་ཟླ་༦ པའི་ཚེས་༡༡ ལུ་ རྒྱལ་ཡོངས་འཚོགས་འདུའི་ དྲི་བཀོད་ལས་རིམ་ནང་ འབུམ་སྡེ་གླིང་- འཇམ་མཁར་གྱི་འཐུས་མི་ གྲུབ་ཐོབ་ཀྱིས་ཞུ་མི་ དྲི་བའི་ལན་སྦེ་ཞུ་ཡི།

འཐུས་མི་གྲུབ་ཐོབ་ཀྱིས་འབད་བ་ཅིན་ ད་རེས་ ཡོངས་འབྲེལ་ཐོག་གི་རྩེདམོ་དེ་ ན་གཞོན་ཚུ་གིས་ ཁྱབ་ཆེ་དྲགས་སྦེ་ར་ རྩེད་དོ་ཡོད་མི་གིས་ ཁོང་གི་དུས་ཚོད་ཚུ་ འཕྲོ་བརླག་བཏང་མི་ལས་ བཀག་ནིའི་དོན་ལུ་ གཞུང་གིས་ རྩེདམོ་དེ་ ནམ་བཀག་ཆ་འབད་ནིའི་ འཆར་གཞི་ཡོད་ག་ཟེར་བའི་ དྲི་བ་ཞུ་ཡི།

བརྒྱུད་འབྲེལ་བློན་པོ་གིས་འབད་བ་ཅིན་ གནད་དོན་དེ་ལུ་ གདོང་ལེན་འབད་ཐངས་ཀྱི་ ཐབས་ཤེས་བཏོན་ནིའི་དོན་ལུ་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་གྱིས་ ཞིབ་འཚོལ་ཅིག་འབད་དེ་ ལྷན་ཁག་ལུ་ ཆ་རོགས་འབད་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།

དེ་དང་འཁྲིལ་ དབང་འཛིན་གྱིས་ ང་བཅས་རའི་ ཡོངས་འབྲེལ་ལས་འཛིན་ ཊེལ་ཀོསི་དང་ ཨའི་ཨེསི་པི་ཚུ་དང་ མཉམ་འབྲེལ་ཐོག་ལས་ ཞིབ་འཚོལ་ཅིག་འབད་དེ་ཡོདཔ་ལས་ ཞིབ་འཚོལ་སྙན་ཞུ་ཅིག་ཡང་ བཟོ་སྟེ་ཡོད་ཟེར་ཨིན་པས།

པབ་ཇི་དེ་ འཛམ་གླིང་ནང་ ཁྱབ་ཆེ་དྲགས་སྦེ་ར་ རྩེད་དོ་ཡོདཔ་ད་ རྩེདམོ་དེ་བཟོ་མི་ ལས་སྡེ་དེ་ཡང་ ཊེན་སེནཊི་ཟེར་མི་དེ་ཨིནམ་ད་ ད་རེས་ འབྲུག་ལུ་ལག་ལེན་འཐབ་མི་ ཝི་ཅེཊ་དང་ ཊིག་ཊཱོག་ཚུ་ཡང་ ལས་སྡེ་དེ་གིས་ བཟོ་བཟོཝ་ཨིན་པས་ཟེར་ཨིན་མས།

གནད་དོན་དེ་ལུ་ ལེགས་ཤོམ་སྦེ་ གདོང་ལེན་མ་འབད་བ་ཅིན་ འབྲུག་མི་ཚུ་གིས་ རྒྱ་ཆེ་དྲགས་སྦེ་ ལག་ལེན་འཐབ་མི་རིམ་ལུགས་ ཝི་ཅེཊ་དང་ ཊིག་ཊཱོག་ཚུ་ཡང་ ལག་ལེན་འཐབ་མ་བཏུབ་ཐལ་ཏེ་ གནོད་པ་འབྱུང་ནིའི་ ཉེན་ཁ་ཡང་ འདུག་ཟེར་ཞུ་ཡི།

པབ་ཇི་གི་ གནོད་པ་ལུ་བརྟེན་ ང་བཅས་རྐྱངམ་གཅིག་མེན་པར་ རྒྱ་གར་དང་ བང་ལ་དེཤ་ ནེ་པཱལ་ རྒྱ་གར་ དེ་རས་ ཕྱིའི་རྒྱལ་ཁབ་སྦོམ་ཚུ་ཡང་ ལེ་ཤ་ཅིག་གིས་ར་ བཀག་ཆ་འབད་ནིའི་ ཐབས་ལམ་ཚུ་ བཏོན་བཞིན་དུ་ འདུག་ཟེར་ཞུ་ཡི།

ཨིན་རུང་ ཡོངས་འབྲེལ་ཨིན་ཊར་ནེཊ་དེ་ བཟོ་བའི་བསྒང་ལས་ར་ ལམ་ཅིག་ནང་ལས་ བཀག་པ་ཅིན་ གཞན་ཁ་ལས་ བསྐོར་འགྱོ་བཏུབ་པའི་ གཞི་རྩའི་ཐོག་ལུ་སྦེ་ བཟོ་ཡོདཔ་བཞིན་དུ་ བཀག་ཆ་འབད་ནི་དེ་ འཇམ་ཏོང་ཏོ་མིན་འདུག་ཟེར་ཨིན་པས།

མ་གཞི་ ཡར་རྒྱས་འགྱོ་ཚར་མི་ རྒྱལ་ཁབ་ཚུ་ཡང་ རྩེདམོ་དེ་ བཀག་ནིའི་ནང་ ལཱ་ཁག་རྐྱབ་སྟེ་ཡོདཔ་ཨིན་རུང་ ང་བཅས་ཀྱི་ཧོངས་ལས་ཡང་ རྩ་འགེངས་དོ་ཟེར་ཨིན་པས།

ག་དེམ་ཅིག་སྦེ་ ང་བཅས་ཀྱིས་ རྩེདམོ་དེ་བཀག་ནིའི་ འཕྲུལ་ཆས་ཚུ་ཉོ་སྟེ་ ཡོངས་འབྲེལ་ལས་སྡེ་ཚུ་ལུ་ བྱིན་ཚར་བའི་ཤུལ་ལུ་ བཀག་ཆ་འབད་མ་ཚུགས་པ་ཅིན་ གྱོང་རྒུད་ཕོག་འོང་ཟེར་ཨིན་པས།

དེ་འབད་ནི་འདི་གིས་ སློབ་གྲྭའི་སློབ་དཔོན་དང་ ཕམ་ཚུ་གིས་ཡང་ རྩེདམོ་དེ་ བཀག་ནིའི་ནང་ འགན་ཁུར་འབག་སྟེ་ ཆ་རོགས་འབད་ཚུགས་པ་ཅིན་ ཕན་ཐོགས་ཆེ་ནི་མས་ཟེར་ ཞུ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *