ཚོགས་རྒྱན་བཙུགས་ནིའི་དོན་ལུ་ གྱལ་སྒྲིག་སྡོད་མི་ ཨམ་སྲུ་ཚུ།

པདྨ་དགའ་ཚལ་ལས་ ཆོས་ཉིད་རྡོ་རྗེ་གིས་ ཚོགས་རྒྱན་བསྡོམས་༣,༨༤༦ ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ།

༉ ཁ་ཙ་ པདྨ་དགའ་ཚལ་ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཐེངས་༣ པའི་དོན་ལུ་ ཚོགས་རྒྱན་བཙུགས་པའི་སྐབས་ ངང་ལམ་དྲུང་ཁག་ བདེ་ཆེན་གླིང་རྒེད་འོག་ལས་ ཆོས་ཉིད་རྡོ་རྗེ་གིས་ ཚོགས་རྒྱན་བསྡོམས་༣,༨༤༦ ཐོབ་སྟེ་ བཙག་འཐུ་གྲུབ་ཡོད་རུང་ ད་ལྟོ་ གཞུང་འབྲེལ་མེན་པར་ གནས་སྐབས་ཅིག་གི་ གྲུབ་འབྲས་ཨིན་པས།

དེ་ལས་ འདེམས་ངོ་སྦེ་ཐོན་མི་ མཁར་རྒེད་འོག་ལས་ རྒྱ་མཚོ་གིས་ ཚོགས་རྒྱན་༡,༣༤༩ དང་ གཡུ་རུང་རྒེད་འོག་ལས་ སངས་རྒྱས་དབང་ཕྱུག་གིས་ ཚོགས་རྒྱན་བསྡོམས་༡,༨༢༡ དེ་ལས་ ཤུ་མར་རྒེད་འོག་ལས་ ཤེས་རིག་དོན་ཚོགས་ཀྱིས་ ཚོགས་རྒྱན་༢,༡༣༣ དང་ ན་ནོང་རྒེད་འོག་ལས་ བསོད་ནམས་དོན་གྲུབ་ཀྱིས་ ཚོགས་རྒྱན་བསྡོམས་༣,༥༨༣ ཐོབ་ཅི།

ཆོས་ཉིད་རྡོ་རྗེ་གིས་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༡,༥༠༦ དང་ འཕྲུལ་ཆས་ཀྱི་ ཚོགས་རྒྱན་བསྡོམས་༢,༣༤༠ རྒྱ་མཚོ་གིས་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༦༡༢ དང་ འཕྲུལ་ཆས་ཀྱི་ ཚོགས་རྒྱན་བསྡོམས་༧༣༧ སངས་རྒྱས་དབང་ཕྱུག་གིས་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༡,༠༦༡ དང་ འཕྲུལ་ཆས་ཀྱི་ ཚོགས་རྒྱན་བསྡོམས་༧༦༠ དེ་ལས་ ཤེས་རིག་དོན་ཚོགས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༩༣༨ དང་ འཕྲུལ་ཆས་ཀྱི་ ཚོགས་རྒྱན་བསྡོམས་༡,༡༩༥ དང་ བསོད་ནམས་དོན་གྲུབ་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༡,༤༦༨ དང་ འཕྲུལ་ཆས་ཀྱི་ ཚོགས་རྒྱན་བསྡོམས་༢,༡༡༥ ཐོབ་ཅི།

ཤུ་མར་རྒེད་འོག་ལྟེ་བའི་ ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་བཙུགས་པར་འོང་མི་ སྐྱེས་ལོ་༧༨ ལང་མི་ སངས་རྒྱས་བསྟན་འཛིན་གྱིས་ སླབ་མིའི་ནང་ མི་ལྕོགས་གྲུབ་དང་ རྫོང་ཁག་ནང་ བསྒྱུར་བཅོས་འབག་འོང་ཚུགས་མི་ བཙག་འཐུ་འགྲུབ་ཐབས་ལུ་ ནང་སྐོར་ལས་ ལཱ་ཁག་སྦེ་ ཚོགས་རྒྱན་བཙུགས་པར་ འོང་ཡི་ཟེར་ཨིནམ་ད་ མ་ཤི་བར་སྡོད་རིང་ཁར་ ཚོགས་རྒྱན་གྱི་ གོ་སྐབས་དེ་ ཆུད་ཟད་མ་གཏང་པར་ སྤྱོད་ནི་ཟེར་ཨིན་པས།

དེ་བཟུམ་སྦེ་ སྐྱེས་ལོ་༡༨ ལང་མི་ སྐལ་བཟང་ཟླ་བ་གིས་ སླབ་མིའི་ནང་ ཁོ་གིས་ འདེམས་ངོ་ཚུ་གི་སྐོར་ལས་ ག་ནི་ཡང་ ཤེས་རྟོགས་མེད་རུང་ ཚོགས་རྒྱན་བཙུགས་པར་ འོང་མི་དེ་ དུས་ཅི་ ཁོ་གིས་ ཚོགས་རྒྱན་བཙུགས་ནི་ འགོ་དང་པ་འབདཝ་ལས་ གོ་སྐབས་དེ་ ཆུད་ཟད་མི་གཏང་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།

ཆོས་ཉིད་རྡོ་རྗེ་གིས་ སླབ་མིའི་ནང་ འདེམས་ངོ་སྦེ་ཐོན་མི་དེ་ བཙག་འཐུ་འགྲུབ་ཚུགས་པའི་ རེ་བ་བསྐྱེད་དེ་ཨིན་རུང་ མི་ཚུ་གིས་ གདོང་ཁར་རྒྱབ་སྐྱོར་ཡོད་པའི་ ལོ་རྒྱུས་ཚུ་སླབ་རུང་ བཙག་འཐུའི་སྐབས་ ཚོགས་རྒྱན་བཙུགས་པར་ མི་འོང་དོ་ཡོདཔ་ལས་ བཙག་འཐུ་གྲུབ་ཚུགས་པའི་ རེ་བ་མ་བསྐྱེད་ཟེར་ཨིན་པས།

ཨིན་རུང་ ད་རེས་ པདྨ་དགའ་ཚལ་གྱི་ མི་ཚུ་གིས་ བཙག་འཐུ་གྲུབ་འབད་མི་ལུ་ སེམས་དགའ་ཡི་ཟེར་ཨིནམ་ད་ རྒྱལ་ཡོངས་ཚོགས་སྡེའི་ འགན་ཁུར་དེ་ ལྕི་དྲགས་ཅིག་ཨིནམ་ལས་ དེ་ཚུ་ སེམས་ཁར་བཞག་ཐོག་ལས་ ཁོ་རའི་ཁས་བླངས་དང་ མི་ཚུ་གི་ རེ་འདོད་འགྲུབ་ནིའི་དོན་ལུ་ རྩ་འགེངས་ཕྱག་ཞུ་ནི་ཟེར་ ཆོས་ཉིད་རྡོ་རྗེ་གིས་ བཤདཔ་ཨིན་པས།

ཁ་ཙ་ ངོས་ལེན་འགོ་དཔོན་ཡིག་ཚང་གི་ འགོ་དཔོན་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་ཡིག་ཤུབས་ཁ་པ་དེ་ ཁ་ཕྱེ་བའི་སྐབས་ ལ་ལོ་ཅིག་ གཟུར་སྡོད་མི་དང་ ལ་ལོ་ཅིག་ ཡིག་ཤུབས་སྟོངམ་ དེ་ལས་ ལ་ལོ་ཅིག་ རྟགས་བཀོད་དེ་མེད་མི་ལུ་བརྟེན་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་༨ དང་ ཐད་ཀར་གྱི་ འགྲེམ་ཐོག་ཚོགས་རྒྱན་༢ ཆ་མེད་བཏང་ཡི།

པདྨ་དགའ་ཚལ་ལུ་ འོས་ལྡན་གྱི་ ཚོགས་རྒྱན་བཙུགས་མི་༢༦,༠༨༩ ཐོ་བཀོད་འབད་ཡོད་མིའི་གྲས་ལས་ ཁ་ཙ་ མི་༡༢,༧༣༢ ཀྱིས་ ཚོགས་རྒྱན་བཙུགས་ཡོད་མི་དེ་ བརྒྱ་ཆ་ལས་འབད་བ་ཅིན་༤༨ དེ་ཅིག་གི་ རྩིས་ཨིན་པས།

དེ་བཟུམ་སྦེ་ སྤྱི་ཟླ་༤ པའི་ཚེས་༡༩ ལུ་ འགོ་དཔོན་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཡིག་ཤུབས་ཀ་པ་དེ་ ཁ་ཕྱེ་བའི་སྐབས་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༥,༨༧༦ ཐོབ་ཡོད་མིའི་གྲས་ལས་ འགྲེམ་ཐོག་ཚོགས་རྒྱན་༢༨༡ ཆ་མེད་བཏང་ཡོདཔ་ད་ ཡིག་ཤུབས་ཕྱི་སེལ་གྱི་ལཱ་དེ་ ནུབ་མོའི་ཆུ་ཚོད་༡༠ ཚུན་འབད་ཡི།

འགྲེམ་ཐོག་ཚོགས་རྒྱན་བསྡོམས་༥,༨༧༦ ཐོབ་མིའི་གྲས་ལས་༢,༡༡༣ ཐད་ཀར་དུ་ འགྲེམ་ཐོག་ཚོགས་རྒྱན་ཚོགས་རྒྱན་དང་༣,༧༦༣ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་ཨིནམ་ད་ འགོ་དཔོན་ཚུ་གིས་ ཐད་ཀད་དུ་ འགྲེམ་ཐོག་ཚོགས་རྒྱན་༢༦༤ ཆ་མེད་བཏང་ཡོད་མི་ལས་༡༩༥ ཕོ་སྐྱེས་དང་༦༩ ཨམ་སྲུ་ཨིནམ་བཞིན་དུ་ ཐད་ཀར་དུ་ འགྲེམ་ཐོག་ཚོགས་རྒྱན་དོན་ལུ་ འོས་ལྡན་གྱི་ ཚོགས་རྒྱན་བཙུགས་མི་༢,༣༥༨ དེ་ཅིག་ ཐོ་བཀོད་འབད་ཡོདཔ་ཨིན་པས།

དེ་ལས་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་བསྡོམས་༣,༧༦༣ ཐོབ་མིའི་གྲས་ལས་ འགྲེམ་ཐོག་ཚོགས་རྒྱན་༡༧ ཆ་མེད་བཏང་ཡོད་མི་དེ་ཡང་ ཕོ་སྐྱེས་༡༡ དང་ ཨམ་སྲུ་༦ ཡོདཔ་ད་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ འོས་ལྡན་གྱི་ ཚོགས་རྒྱན་བཙུགས་མི་༥,༣༣༦ དེ་ཅིག་ ཐོ་བཀོད་འབད་ཡོདཔ་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འགྲེམ་ཐོག་ཚོགས་རྒྱན་དེ་ཚུ་ ཆ་མེད་བཏང་མི་དེ་ཡང་ ངོ་སྤྲོད་གསལ་བསྒྲགས་ལག་ཁྱེར་མེད་མི་དང་ ཡིག་ཤུབས་སྟོངམ་ ཚོགས་རྒྱན་བཙུགས་མི་དང་ དཔང་པོ་༢ ཆ་ར་ ཁོང་གིས་འབད་ཡོད་མི་ དེ་ལས་ ཡིག་ཤུབས་ཁ་པ་མེད་མི་དང་ བརྡ་དོན་ཚངམ་སྦེ་ མེད་མི་ལ་སོགས་པ་ཚུ་ལུ་བརྟེན་ཨིན་ཟེར་ ཨིན་པའི་གནས་ཚུལ།

པདྨ་དགའ་ཚལ་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *