ས་འོག་སྤུབས་ཡོད་མི་ ཤ་ལི་མཁར་རྫོང་གི་ གྱང་ཁོག།

པདྨ་དགའ་ཚལ་གདུང་བསམ་ རྒྱ་དྲུང་པའི་ལོ་རྒྱུས།

བདུན་ཕྲག་ཧེ་མའི་འཕྲོ་མཐུད།

༉ དཔལ་མཐོང་ལེགས་ཀྱི་ ཧེ་མའི་མི་བརྒྱུད་ ལྷ་སྲས་གཙང་མ་གིས་ ཀུར་རི་ཆུ་བདའ་སྟེ་ ཟམ་གྱི་དོན་ལུ་ སྨོན་ལམ་བཏབ་དོ་བཟུམ་སྦེ་ ཁོ་གིས་ཡང་ ཁོ་ར་གཞིས་བཅགས་ནིའི་དོན་ལུ་ ས་ཆའི་ལུང་བསྟན་གནང་ཐབས་ལུ་ སྨོན་ལམ་བཏབ་སྟེ་ གངས་རི་ཅིག་གུ་ལས་ གཡུ་རུང་ཁ་ཐུག་འགྱོ་བའི་སྐབས་ ནམ་མཁའ་སྟོང་པ་ལས་ གཞན་དང་མ་འདྲ་བའི་ སྐད་ཅིག་གོ་ཡོདཔ་ཨིན་པས།
ཁོ་གིས་ སྐད་དེ་ ལྷའི་ལུང་བསྟན་ འོང་ནི་མས་ཟེར་མནོ་སྟེ་ གཞིས་བཅགས་ནིའི་དོན་ལུ་ གངས་རི་དེ་ཁར་ བསྒུགས་ཡོདཔ་ད་ ས་ཆ་དེ་ ལྷ་གིས་ གནང་གནངམ་འབདཝ་ལས་ མིང་ཡང་ ལྷ་གནང་ཟོར་ཟེར་ བཏགས་པའི་ཤུལ་ལས་ ནོར་བུ་བསི་ལིའི་ རྭཝ་གི་དབྱིབས་དང་འདྲ་བའི་ གངས་རི་དེ་གུ་ རྫོང་བཞེངས་ནིའི་ལཱ་ཚུ་ འགོ་བཙུགས་ཡོདཔ་ཨིན་པས།
ལོ་རྒྱུས་ཚུ་དང་འཁྲིལཝ་ད་ རྫོང་དེ་ ཤིང་བཟོཔ་དང་རྡོ་བཟོཔ་ ག་གིས་བཞེངས་ཡོདཔ་ཨིན་ན་ ཤེས་རྟོགས་མེད་རུང་ རྫོང་གི་གྱང་ཁོག་གི་ གྱང་རྩིག་ཚུ་ལུ་ བལྟ་བའི་སྐབས་ ཉམས་མྱོང་ཡོད་པའི་ བཟོ་བོ་ཚུ་གིས་ བཞེངས་བཞེངསམ་མེན་པས་ཟེར་ཨིནམ་ད་ ཡུན་མ་རིང་བར་ གྱང་ཁོག་ཐལ་མི་དེ་ཡང་ གནད་དོན་དེ་ལུ་བརྟེན་ཨིནམ་ལས་ རྡོ་ཚུ་ཡང་ གཅིག་གིས་གཅིག་གུ་ བརྩེགས་བཞག་བཞགཔ་བཟུམ་སྦེ་ མཐོང་ནི་ཡོདཔ་ཨིན་པས།
ལྷ་གནང་ཟོར་རྫོང་གིས་ རྫོང་གཞན་ཚུ་བཟུམ་སྦེ་ ཞབས་ཏོག་ཚུ་ ཞུ་སྡོད་ཡོདཔ་ད་ རྫོང་དེ་ རྫོང་གཞན་ཚུ་ལས་ ཆུང་བའི་ཁར་ དུས་རབས་༡༦ པའི་ནང་ ཞབས་དྲུང་རིན་པོ་ཆེ་གིས་བཞེངས་མི་ རྫོང་གི་བཟོ་རྣམ་ཚུ་ ག་ནི་ཡང་མེད་རུང་ དཔལ་མཐོང་ལེགས་ཀྱིས་ ལུང་ཕྱོགས་དེ་ནང་ ཞི་བདེ་རྩ་བརྟན་དང་ གོང་འཕེལ་ཚུ་ གངས་རི་དེ་ཁར་ལས་ བྱུང་ཡོདཔ་ཨིན་པས།
དཔལ་མཐོང་ལེགས་དེ་ རིག་རྩལ་ཅན་དང་ བྱང་སེམས་ཅན་ དེ་ལས་ ནུས་ཤུགས་ཅན་གྱི་ མི་ཅིག་ཨིནམ་ལས་ མི་ག་ར་གིས་ ཆ་བཞག་དོ་ཡོདཔ་ད་ མི་རྒན་ཤོས་ལ་ལོ་ཅིག་གིས་ ཁོང་གི་ ཨ་རྒས་ཨིན་ཟེར་ སླབ་དོ་ཡོད་མི་ལུ་བརྟེན་ མེ་མེ་མཐོང་ལེགས་ཟེར་ཡང་ སླབ་ཨིན་པས།
པདྨ་དགའ་ཚལ་རབ་སྡེའི་དྲུང་ཆེན་ པདྨ་རྒྱལ་པོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དཔལ་མཐོང་ལེགས་དེ་ པདྨ་དགའ་ཚལ་ཤ་ལི་གཡུས་ཚན་གྱི་ ནགས་ཚལ་ནང་ འཚེར་སྣང་མེད་པར་ ཤ་བདའ་མི་ཅིག་ཨིནམ་ལས་ དཔའ་རྩལ་ལྡན་པའི་ ཤ་རོགསཔ་ཅིག་ཨིནམ་ད་ ཉིནམ་ཅིག་འབདཝ་ད་ ནགས་ཚལ་ནང་ ངལ་འཚོ་བའི་ཤུལ་ལུ་ ཤ་བདའ་མིའི་གཞུ་དེ་ འཐུ་ནི་བརྗེད་སོ་མི་ལུ་བརྟེན་ ཤུལ་ལས་ གཡུས་ཚན་དེ་གི་མིང་ཡང་ཚངས་ལའི་ ཁ་སྐད་ནང་སྦེ་ ཤ་ལི་ཟེར་ བཏགས་ཡོདཔ་ད་ ཤ་ལི་ཟེར་མི་དེ་ རྫོང་ཁའི་ནང་ ཤ་བདའ་མིའི་གཞུ་དེ་ལུ་ གོཝ་ཨིན་པས།
ཁོ་གིས་འབད་བ་ཅིན་ དཔལ་མཐོང་ལེགས་དེ་ ས་ཁོངས་གཞན་དང་གཅིག་ཁར་ཡང་ འབྲེལ་བ་ཡོདཔ་ད་ ཤུ་མར་དེ་ དཔལ་མཐོང་ལེགས་ ཤུགས་སྦེ་ན་སའི་ གཡུས་ཚན་ཅིག་ཨིནམ་ལས་ ཚངས་ལ་ནང་སྦེ་ ཤུགས་མར་ཟེར་ བཏགས་ཡོདཔ་བཞིན་དུ་ རྫོང་ཁའི་ནང་ ཤུགས་ཟེར་མི་དེ་ ཤུགས་སམ་ཚབས་ཆེན་དང་ མར་བ་ཟེར་མི་དེ་ ན་མི་དེ་ལུ་ གོ་དོ་ཡོདཔ་ལས་ གཡུས་ཚན་དེ་གི་མིང་ ཤུགས་མར་ཟེར་ འབྲི་དགོ་ནི་ཨིན་རུང་ ད་རེས་ནངས་པར་ ཤུ་མར་ཟེར་ འབྲི་ནི་དེ་ དར་ཁྱབ་སོང་ཡོདཔ་ཨིན་པས།
དེ་དང་འདྲཝ་སྦེ་ མཱན་གཡུས་ཚན་དེ་ དྲུང་འཚོ་འོང་ཞིནམ་ལས་ ཁོ་གི་ ནད་གཞི་དེ་ལུ་ སྨན་བཅོས་འབད་བའི་ གཡུས་ཚན་ཅིག་ཨིནམ་ད་ ཤུལ་ལས་ གཡུས་ཚན་དེ་གི་མིང་ཡང་ མཱན་ཟེར་ ཚངས་ལའི་ ཁ་སྐད་ནང་ བཏགས་ཡོད་རུང་ དོན་ངོ་མ་ལུ་ སྨན་ལུ་གོཝ་ཨིན་ཟེར་ པདྨ་རྒྱལ་པོ་གིས་ བཤདཔ་ཨིན་པས།
ལོ་རྒྱུས་ཚུ་དང་འཁྲིལཝ་ད་ ལྷ་གནང་ཟོར་ལས་ སྲིད་སྐྱོང་ངམ་ དབང་སྒྱུར་བའི་ དུས་ཡུན་སྐབས་ དཔལ་མཐོང་ལེགས་ལུ་ ནང་སྐོར་པ་དང་ ཕྱི་སྐོར་པ་ཟེར་ གཡོག་འབད་མི་ སྡེ་ཚན་༢ ཡོདཔ་ད་ ནང་སྐོར་པ་གིས་ ནང་ནའི་དུས་རྒྱུན་གྱི་ལཱ་དང་ ཕྱི་སྐོར་པ་ཚུ་གིས་ ཕྱི་ཁའི་ལཱ་ཚུ་ འབད་དོ་ཡོདཔ་ལས་ ཤུལ་ལས་ ནང་སྐོར་པ་ཚུ་གིས་ གཞིས་བཅགས་སྡོད་མི་ལུ་ ནང་སྐོར་དང་ ཕྱི་སྐོར་པ་ཚུ་གི་སྡོད་མི་ལུ་ ཤུ་མར་ཟེར་ དར་ཁྱབ་སོང་ཡོདཔ་ཨིན་པས།
ཤ་ལི་མཁར་རྫོང་གི་ལོ་རྒྱུས།
མཁས་རི་དགོན་པའི་བྱང་ཕྱོགས་ དགོན་སྤུངས་དང་ དགའ་མུང་གཡུས་ཚན་བརྒྱུད་དེ་ མོང་སྒར་དང་ དབང་འདུས་ཆོས་གླིང་ལུ་ འགྱོ་མི་ལམ་དེ་ སྤྱི་ལོ་༡༩༦༠རེ་གྲངས་ནང་ གཞུང་ལྟེ་བ་དང་ བསམ་གྲུབ་ལྗོངས་མཁར་བར་ནའི་ གཞུང་ལམ་ངོ་མ་ཅིག་སྦེ་ གནས་ཡོདཔ་ལས་ འགོ་དཔོན་ཚུ་གི་ ཞི་བདེ་དང་ འཐབ་རྩོད་༢ ཆ་རའི་ སྔར་སྲོལ་གྱི་ ལམ་བཟུམ་སྦེ་ གནས་ཡོདཔ་མ་ཚད་ མི་ཚུ་གིས་ཡང་ ཚོང་འབྲེལ་འཐབ་པར་ ལམ་དེ་ཁར་ལས་ འགྱོ་དོ་ཡོདཔ་ཨིན་པས།
ལོ་རྒྱུས་ཚུ་དང་འཁྲིལཝ་ད་ ཀྲོང་གསར་དཔོན་སློབ་ འཇིགས་མེད་རྣམ་རྒྱལ་གྱིས་ བདེ་ཝང་གི་རི་ཟེར་ ད་རེས་ནངས་པར་ བདེ་བ་ཐང་ཟེར་སར་ བི་རི་ཏིཤ་གི་ ངོ་རྒོལ་བ་ཚུ་དང་གཅིག་ཁར་ དམག་རྐྱབ་ནིའི་དོན་ལུ་ འབྲུག་པའི་དམག་དཔུང་ཚུ་ སྔར་སྲོལ་གྱི་ ལམ་དེ་ཁར་ལས་ དམག་ཁྲིད་མཛད་གནང་ཡོདཔ་ཨིན་པས།
ཤ་ལི་མཁར་རྫོང་དེ་ ག་གིས་བཞེངས་ཡོདཔ་ཨིན་ན་ ཁ་གསལ་མེད་རུང་ ལོ་རྒྱུས་ཚུ་དང་འཁྲིལ་བ་ཅིན་ རྫོང་དེ་ དཔལ་མཐོང་ལེགས་ལུ་ ཁྱད་ཆོས་བརྗོད་ནིའི་དོན་ལུ་ བཞེངས་ཡོདཔ་སྦེ་ཨིནམ་ད་ ལྷ་གནང་ཟོར་རྫོང་དེ་ གཞུང་ལམ་ལས་ ཐག་རིང་མི་ལུ་བརྟེན་ ཁོ་གིས་ ལམ་འགྲུལཔ་དང་ ལྷག་པར་དུ་ སྲིད་དོན་གྱི་ གློ་བུར་དུས་ཚོད་སྐབས་ བཀག་འཛིན་འབད་ནི་ལུ་ དཀའ་ངལ་ཐོན་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ མགྲོན་སྐྱོང་གི་ སྒྲིག་ལུགས་དེ་གིས་ ཆེ་མཐོའི་དབང་འཛིན་ཚུ་ ལྷ་གནང་ཟོར་ལུ་ སོང་ཞིནམ་ལས་ དཔལ་མཐོང་ལེགས་དང་འཕྱད་ནི་དེ་ བཀག་འཛིན་འབད་ཡོདཔ་ལས་ དཀའ་ངལ་དེ་ལུ་བརྟེན་ ཁོ་ར་ཡང་ ས་ཁོངས་གཞན་ཚུ་ནང་ ཁྱིམ་སྤོ་དགོཔ་ཐོན་ཡོདཔ་ད་ ལོ་རྒྱུས་གཞན་ཚུ་དང་འཁྲིལཝ་ད་ རྒྱ་དྲུང་པ་བསད་པའི་ཤུལ་ལུ་ ཁྲལ་བསྡུ་ལེན་འབད་ནི་དེ་ ལུགས་མཐུན་དང་ བདེ་སྒྲིག་བཟོ་སྟེ་ གཞོང་སྒར་དང་ དབང་འདུས་ཆོས་གླིང་ལུ་ བཙུགས་བཞག་འབད་ནིའི་དོན་ལས་ ཤ་ལི་མཁར་རྫོང་ བཞེངས་ཡོདཔ་སྦེ་ཨིན་པས།
པདྨ་རྒྱལ་པོ་གིས་ སླབ་མིའི་ནང་ ལྷ་གནང་ཟོར་ལུ་ སྡོད་པའི་སྐབས་ ད་ལྟོ་ ཤུ་མར་གཞི་རྟེན་སློབ་གྲྭ་ཡོད་སའི་ ས་ཁོངས་དེ་ དཔལ་མཐོང་ལེགས་ཀྱིས་ ཚོད་བསྲེ་ལྡུམ་ར་ བཟོ་ཡོདཔ་ད་ ཤ་ལི་མཁར་རྫོང་དེ་ བཞེངས་པའི་ཤུལ་ལས་ཡང་ ལྡུམ་ར་དེ་ དེ་ཁའི་རྫོང་དཔོན་གྱིས་ འཕྲོ་མཐུད་ལག་ལེན་འཐབ་ཡོདཔ་བཞིན་དུ་ རྫོང་དཔོན་གཞན་གྱི་ ལོ་རྒྱུས་མེདཔ་ལས་ ཁོ་ར་ཨིནམ་སྲིད་ནི་དེ་གིས་ ཤ་ལི་མཁར་རྫོང་དེ་ཡང་ ཁོ་གིས་ བཞེངས་ཡོད་པའི་ བདེན་ཁུངས་བཏོན་ནི་ཡོདཔ་སྦེ་ མི་ཚུ་གིས་ སླབ་ནི་འདུག་ཟེར་ཨིན་པས།
དེ་ལས་ བདེན་ཁུངས་གཞན་མི་དེ་ མཁར་ཟེར་མིའི་ཚིག་དེ་ ལྷ་སྲས་གཙང་མའི་ མི་བརྒྱུད་ཚུ་གིས་ བཞེངས་ཡོད་མི་ བཙན་མཁར་དང་ བེང་མཁར་ ཝེང་མཁར་ དོམ་མཁར་ ཆུང་མཁར་ སྐྱེངས་མཁར་ ལྕགས་སི་མཁར་དང་ འཇམ་མཁར་ལ་སོགས་པའི་རྫོང་ག་ར་ལུ་ ལག་ལེན་འཐབ་སྟེ་ ཡོད་མི་དེ་གིས་ཨིནམ་ད་ མི་གཞན་ཚུ་གིས་ བཞེངས་ཡོད་པ་ཅིན་ ཤ་ལི་མཁར་ཟེར་མེན་པར་ ཤ་ལི་རྫོང་ཟེར་ མིང་བཏགས་སྲིད་ནི་མས་ཟེར་ ཞུ་ནི་ཨིན།

འཕྲོ་མཐུད་བདུན་ཕྲག་ཤུལ་མར།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *