ནོར་ཨརཝ་རྐུ་མི་ ཕོ་སྐྱེས་༦ འཛིན་བཟུང་འབད་ཡོདཔ།

༉ འདས་པའི་ལོ་དག་པ་ཅིག་ལས་ཚུར་ དབང་འདུས་བྱེད་ནག་རྒེད་འོག་ནང་ ནུབམོ་གཅིག་ལུ་ ནོར་ལེ་ཤ་ར་ བྱང་སྟོར་ཤོར་མི་དེ་ཡང་ ལ་ལོ་ཅིག་ རྩྭ་བཟའ་བར་ བཏང་པའི་སྐབས་ལུ་དང་ ལ་ལོ་ཅིག་ བྱང་ས་ལས་ ཨརཝ་རྐུན་འབད་མི་ལུ་བརྟེན་ཨིན་པས།

འཕྲལ་ཁམས་ཅིག་ཁར་ ཁྲིམས་སྲུང་འགག་པ་གིས་ བྱ་ངན་ནང་ གྲལ་གཏོགས་འབད་མི་ ཕོ་སྐྱེས་༦ འཛིན་བཟུང་འབད་བའི་ཤུལ་ལས་ རྒེད་འོག་དེ་ནང་ དཀའ་ངལ་སེལ་ཐབས་ འབད་ཡོདཔ་ཨིན་པས།

བཀྲིས་ལྟོ་ཁ་སྤྱི་འོག་གི་ཚོགས་པ་ རིན་ཆེན་དོན་གྲུབ་ཀྱིས་ སླབ་མིའི་ནང་ ན་ཧིང་ ནོར་༢༠ དེ་ཅིག་བྱང་མི་དེ་ སྤྱི་ལོ་༢༠༡༩ དང་ཕྱདཔ་ད་༡༥ ཡར་སེང་སོང་ཡོད་རུང་ དོགས་པ་ག་ལུ་ཡང་ མེདཔ་ཨིན་པས།

ཨིན་རུང་ དུས་ཅི་ སྤྱི་ཟླ་༢ པའི་ཚེས་༢ ལུ་ ཨཔ་སྦ་མགོ་གི་ གླང་ཨརཝ་རྐུ་ཞིནམ་ལས་ཚུར་ དོགས་པ་ཆགས་ནི་ འགོ་བཙུགས་ཡི་ཟེར་ཨིན་པས།

སྤྱི་ཟླ་༢ པའི་ཚེས་༡ གི་ཕྱི་རུ་ དོགས་ཅན་གྱི་ ཁྱིམ་གྱི་ཉེ་འདབས་ལུ་ ཨཔ་བ་མགོ་གིས་ ཐགཔ་བཏགས་བཞག་མི་ གླང་དེ་ ནངས་པ་དྲོ་པ་འབདཝ་ད་ གར་སོང་མེད་པར་ བྱང་བའི་ཤུལ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡི་ཟེར་ ཨིན་པས།

ཁོ་གི་ཁྱིམ་ཚང་ སྐྱེས་ལོ་༥༥ ལང་མི་ ཕོ་སྐྱེས་དེ་གིས་ གླང་བཙོང་དགོཔ་སྦེ་ སླབ་ཡོད་རུང་ ངོས་ལེན་མ་འབད་བར་ ཞག་༢ ལང་པའི་ཤུལ་ལས་ གླང་ཨརཝ་རྐུ་ནུག་ཟེར་ བཤདཔ་ཨིན་པས།

སྙན་ཞུ་དང་འཁྲིལཝ་ད་ ཁྲིམས་སྲུང་འགག་པ་གིས་ དྲི་ཞིབ་འབད་དེ་ སྤྱི་ཟླ་༢ པའི་ཚེས་༢ ལུ་ བཀྲིས་ལྟོ་ཁ་སྤྱི་འོག་ བྱེ་མའི་གཞུང་གཡུས་ཚན་ལས་ ཕོ་སྐྱེས་༢ འཛིན་བཟུང་འབད་ནུག།

ཨཔ་སྦ་མགོ་གིས་ སླབ་མིའི་ནང་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་ ཉིནམ་དེ་ལུ་ར་ གླང་དང་ གཞན་ནོར་༢ ཁྲིམས་སྲུང་འགག་པ་གིས་ ལོག་ཐོབ་ནུག་ཟེར་ཨིན་པས།

བྱེ་མའི་གཞུང་གཡུས་ཚན་ལས་ སྐྱེས་ལོ་༣༦ དང་༣༨ ལང་མི་ དོགས་ཅན་ཕོ་སྐྱེས་༢ ཀྱིས་ ནོར་ཚུ་བདའ་སྟེ་ དབང་འདུས་བ་འཇོ་ཁྲོམ་གྱི་ ཤ་ཁང་ལུ་ བཙོང་ཡོདཔ་ལས་ ཤ་ཁང་གི་ཇོ་བདག་དང་ དེད་གཡོགཔ་༢ ཀྱིས་ ནོར་དེ་ཚུ་ ལོག་བྱིན་ཡོད་རུང་ སྤྱི་ཟླ་༢ པའི་ཚེས་༢ ཀྱི་ཕྱི་རུ་ རྩི་རང་ལུ་ ནོར་གསད་སའི་ ས་ཁོངས་ནང་ ལྷོད་ནུག་ཟེར་ཨིན་པས།

བྱེད་ནག་རྒེད་འོག་གི་ བྱེད་ནང་ལུང་སྤྱི་འོག་ལུ་ གནད་དོན་དེ་ ཧེང་སྐལ་ར་ ཞིབ་དཔྱད་འབད་ནི་འགོ་བཙུགས་ཡོདཔ་བཞིན་དུ་ ནོར་བདའ་འགྱོ་བའི་ ཉོགས་བཤད་ཚུ་ སྤྱི་ལོ་༢༠༡༨ ལས་ར་ བཀོད་ནུག་ཟེར་ཨིནམ་ད་ དེ་ཡང་ སྐྱེས་ལོ་༥༨ དང་༣༨ ལང་མི་ ཕོ་སྐྱེས་༢ ཀྱིས་ ནོར་ཨརཝ་རྐུ་མི་ལུ་བརྟེན་ བཙོན་ཁྲིམས་ཟླཝ་༡ བཀལ་ནུག་ཟེར་ཨིན་པས།

ད་རེས་ཡང་ བྱེ་མའི་གཞུང་སྤྱི་འོག་ལས་ ཧེ་མ་ བཙོན་ཁྲིམས་ཕོག་མི་ ཕོ་སྐྱེས་༢ ཀྱིས་ ནོར་ཨར་རྐུན་ནང་ འབྲེལ་གཏོགས་འབད་ཡོདཔ་ཨིན་པས།

བཀྲིས་ལྟོ་ཁ་སྤྱི་འོག་ནང་ ནོར་ཨར་རྐུན་འབད་བའི་ ལོ་རྒྱུས་ཚུ་ཡོད་རུང་ དོགས་པ་ག་ལུ་ཡང་མེདཔ་ལས་ སྙན་ཞུ་མ་འབད་བར་བཞག་ནུག་ཟེར་ ཨཔ་སྦ་མགོ་གིས་ བཤད་པའི་ཁར་ ཁྱིམ་ཚང་ཚུ་གི་ གླང་དང་ བ་ཚུ་ ཨརཝ་རྐྱབ་རུང་ ཁྲིམས་སྲུང་འགག་པ་དང་ ཡང་ཅིན་ མི་སྡེའི་འགོ་ཁྲིདཔ་ཚུ་ལུ་ སྙན་ཞུ་མ་འབད་བས་ཟེར་ཨིན་པས།

ནོར་ཨརཝ་རྐྱབ་མི་ ཕོ་སྐྱེས་༦ ལུ་ མ་བྱིན་ལེན་པའི་ ཉེས་འཛུགས་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *