ནོར་བུ་སྒང་ ཨོམ་བཟོ་སྦྱོར་ཁང་གིས་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་ཡོདཔ།

༉ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ གིས་ ཚོང་འབྲེལ་ཚུ་ལུ་ ཐོ་སྦོམ་རྐྱབ་ཡོད་རུང་ པདྨ་དགའ་ཚལ་ ངང་ལམ་དྲུང་ཁག་ ནོར་བུ་སྒང་རྒེད་འོག་གི་ ཨོམ་བཟོ་སྦྱོར་ཁང་གིས་ སྤྱི་ལོ་༢༠༢༠ ལུ་ འོང་འབབ་དངུལ་ཀྲམ་ས་ཡ་༢ དེ་ཅིག་ བཟོ་ཡོདཔ་ཨིན་པས།

ནོར་བུ་སྒང་གི་ ཛམ་བྷ་ལ་སྡེ་ཚན་གྱིས་ ཨོམ་བཟོ་སྦྱོར་ཁང་ འགོ་བཙུགས་ཏེ་ ལོ་༢ དེ་ཅིག་ལས་ མ་ལང་རུང་ ད་ལྟོ་ཚུན་གྱི་བར་ན་ འོང་འབབ་དངུལ་ཀྲམ་ས་ཡ་༤ ལྷགཔ་ཅིག་ བཟོ་ཡོདཔ་བཞིན་དུ་ ད་རེས་ སྡེ་ཚན་ནང་ འཐུས་མི་༧༣ དེ་ཅིག་ ཡོདཔ་ཨིན་པས།

སྡེ་ཚན་གྱི་ཁྲི་འཛིན་ ངག་དབང་དཔལ་འབྱོར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ དེ་བཟུམ་མའི་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་མི་དེ་ཡང་ སྡེ་ཚན་གྱིས་ འགྲོ་འགྲུལ་བཀག་དམ་སྐབས་ལུ་ཡང་ འཐུས་མི་ཚུ་ ས་ཁོངས་མ་འདྲཝ་ཚུ་ནང་བཏང་སྟེ་ ཨོམ་བསྡུ་ལེན་འབད་ཞིནམ་ལས་ སྒོ་ནོར་ཐོན་སྐྱེད་ མར་དང་ དར་ཚིལ་ཚུ་ བཟོ་ཚུགས་མི་ཚུ་ལུ་བརྟེན་ ཨིན་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༧ དེ་ཅིག་ལས་ ཨོམ་བཟོ་སྦྱོར་ཁང་དེ་ གཡུས་མི་ཅིག་གིས་ ལག་ལེན་འཐབ་ཐོག་ མར་དང་ དར་ཚིལ་ཚུ་ བཟོ་ཞིནམ་ལས་ ཚོང་འབྲེལ་འཐབ་ནི་དེ་གིས་ སྡེ་ཚན་གྱིས་ འཐུས་མི་ཚུ་ལས་ ཨོམ་བསྡུ་ལེན་འབད་དེ་ ཚོང་འབྲེལ་འཐབ་སྡོད་ཅི་ཟེར་ཨིན་པས།

ཨིན་རུང་ བཟོ་སྦྱོར་ཁང་དེ་གིས་ མི་༡ ལུ་རྐྱངམ་གཅིག་མ་གཏོགས་ གཡུས་མི་གཞན་ཚུ་ལུ་ ཕན་ཐོགས་མེདཔ་ལས་ སྤྱི་ལོ་༢༠༡༩ ལས་ ཛམ་བྷ་ལ་སྡེ་ཚན་གྱིས་ རྩིས་ལེན་ཞིནམ་ལས་ མར་དང་ དར་ཚིལ་ཚུ་ ཚོང་འབྲེལ་འཐབ་ནི་ འགོ་བཙུགས་ཡི་ཟེར་ཨིནམ་ད་ ད་རེས་ བཟོ་སྦྱོར་ཁང་ནང་ སྒོ་ནོར་ཐོན་སྐྱེད་བཟོ་མི་ ལས་བྱེདཔ་༥ བརྩིས་ཏེ་ ལས་བྱེདཔ་༨ དེ་ཅིག་ཡོད་ཟེར་ ཁྲི་འཛིན་གྱིས་ བཤདཔ་ཨིན་པས།

ངག་དབང་དཔལ་འབྱོར་གྱིས་ སླབ་མིའི་ནང་ སྡེ་ཚན་གྱིས་ དྲོ་པའི་ཆུ་ཚོད་༧ དེ་ཅིག་ལས་ ཨོམ་བསྡུ་ལེན་འབད་དེ་ མར་དང་ དར་ཚིལ་ཚུ་བཟོ་ནི་ འགོ་བཙུགས་དོ་ཟེར་ཨིནམ་ད་ ད་རེས་ མར་དང་ དར་ཚིལ་ག་དེམ་ཅིག་ བཟོ་ཚུགས་རུང་ ངང་ལམ་ཁྲོམ་དང་ ཐིམ་ཕུག་ པཱན་སྦང་ལ་སོགས་པ་ཚུ་ནང་ བདུན་ཕྲག་རེ་ནང་ ཚར་རེ་བསྐྱལ་གཏང་དོ་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སྡེ་ཚན་གྱིས་ ངང་ལམ་དང་ རྒེད་འོག་གི་ མི་ཚུ་ལུ་ མར་ཀེ་ཇི་རེ་ལུ་ དངུལ་ཀྲམ་༣༩༠ དང་ དར་ཚིལ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༣༥༠ རེ་སྦེ་ བྱིན་དོ་ཡོདཔ་བཞིན་དུ་ ཐིམ་ཕུག་དང་ ས་ཁོངས་གཞན་ཚུ་ནང་ གཏང་པའི་སྐབས་ སྐྱེལ་འདྲེན་གྱི་འཐུས་ཚུ་ སྤྲོད་དགོཔ་ལས་ མར་ཀེ་ཇི་རེ་ལུ་ དངུལ་ཀྲམ་༤༧༠ དང་ དར་ཚིལ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༤༥༠ སྦེ་ བཙོང་དོ་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གནམ་དགུན་ལུ་ ས་གནས་གཞན་ཚུ་ནང་ སྒོ་ནོར་ཐོན་སྐྱེད་དེ་ཅིག་ བཟོ་མི་ཚུགས་དོ་ཡོདཔ་ལས་ མི་ཚུ་གིས་ མཁོ་འདོད་བཀོད་མི་ ལེ་ཤ་འཐོན་དོ་ཡོད་མི་ལུ་བརྟེན་ དེ་ཚུ་ དུས་ཚོད་ཁར་ སྤྲོད་མ་ཚུགས་པའི་ གདོང་ལེན་དུམ་གྲ་རེ་ བྱུངམ་མས་ཟེར་ཨིན་པས།

དེ་བཟུམ་སྦེ་ ད་རེས་ནངས་པར་ མི་མང་ཤོས་ཅིག་གིས་ ལྷ་ཁང་དང་ མགོན་ཁང་ཚུ་ནང་ དཀར་མེ་ཚུ་ བ་མར་ཕུལ་དོ་ཡོདཔ་ལས་ མར་ལང་མ་ཚུགས་པའི་ དཀའ་ངལ་ཡོད་ཟེར་ཨིནམ་ད་ ད་རེས་ སྡེ་ཚན་གྱིས་ ཉིནམ་༡ ནང་ ཨོམ་ལི་ཊར་༦༠༠ དང་༧༠༠ དེ་ཅིག་ བསྡུ་ལེན་འབད་དོ་ཡོད་མི་དེ་གིས་ མར་ཀེ་ཇི་༣༠ དང་༤༠ དེ་ལས་ དར་ཚིལ་ཀེ་ཇི་༥༠ དང་༦༠ དེ་ཅིག་ བཟོ་ཚུགས་པས་ཟེར་ ངག་དབང་དཔལ་འབྱོར་གྱིས་ བཤདཔ་ཨིན་པས།

ཁྲི་འཛིན་གྱིས་ སླབ་མིའི་ནང་ ཐིམ་ཕུག་ལུ་ ཚོང་ལས་ཁང་ཅིག་ གཞི་བཙུགས་འབད་ནིའི་དོན་ལུ་ ཚོང་ཁང་ཅིག་ཡང་ གླ་ཁར་ལེན་ཡོདཔ་ལས་ འཕྲལ་མགྱོགས་ར་ འགོ་བཙུགས་ནི་ཨིནམ་བཞིན་དུ་ ཞོ་དང་ ཤོག་སྒམ་རྐྱབ་སྟེ་ ནང་འཁོད་གྱི་ དར་ཚིལ་ལ་སོགས་པ་ཚུ་ཡང་ བཟོ་སྐྲུན་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།

ཁོ་གིས་ མ་འོངས་པར་ སྡེ་ཚན་གྱིས་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་པའི་ཤུལ་ལས་ ཇར་སི་བ་ལ་སོགས་པ་ཚུ་ ཉོ་ནིའི་དོན་ལུ་ གཡུས་མི་ཚུ་ལུ་ སྐྱེད་ཉུང་གི་ཐོག་ལས་ སྐྱིན་འགྲུལ་བྱིན་ནིའི་ འཆར་གཞི་ཡང་ཡོད་ཟེར་ བཤད་ཡོདཔ་ད་ ད་རེས་ སྡེ་ཚན་གྱིས་ དངུལ་ཁང་ནང་ དངུལ་ཀྲམ་ས་ཡ་༤.༣ དེ་ཅིག་ གསོག་འཇོག་འབད་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *