ནེ་ར་ཨ་མ་ཆུ་ལས་འགུལ་གྱི་ གས་རྐྱེན་ནང་ མི་༤ ལུ་ ཤི་རྐྱེན།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༩ དེ་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་ བསམ་གྲུབ་ཆོས་གླིང་དྲུང་ཁག་ ནེ་ར་ཨ་མ་ཆུ་ལས་འགུལ་དེ་ནང་ གས་རྫས་ཅིག་ གས་མི་ལུ་བརྟེན་ སྐྱོས་ལོ་༢༠ དང་༣༠ གི་བར་ན་འབད་མི་ ལས་མི་ཕོ་སྐྱེས་༤ ལུ་ ཤི་རྐྱེན་དང་ ཕོ་སྐྱེས་༢ ལུ་ རྨ་སྐྱོན་བྱུང་ནུག།
གནས་ཚུལ་བྱིན་མི་ཅིག་གིས་ བཤད་མིའི་ནང་ སྤྱི་ཟླ་༦ པའི་ཚེས་༡༤ གི་ཕྱི་རུ་ ས་འོག་གི་ ཆུ་ལམ་ནང་ གས་རྫས་ལག་ལེན་འཐབ་ཡོདཔ་ལས་ ས་རོ་རྡོ་རོ་ཚུ་སེལ་བར་འགྱོཝ་ད་ གས་རྫས་ཅིག་ གས་སོ་ནུག་ཟེར་ཨིནམ་ད་ གས་རྫས་དེ་ དེ་ཚེ་ཕྱི་རུ་ གས་མ་བཏུབ་མི་དེ་ གས་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།
བྱུང་རྐྱེན་སྐབས་ ལས་མི་ག་དེམ་ཅིག་ སའི་འོག་ལུ་ ཚུད་ཡོདཔ་ཨིན་ན་ ཤེས་རྟོགས་བྱུང་མ་ཚུགས་རུང་ ཕྱི་རུ་ཁམས་ཅིག་ཁར་ ལས་མི་ཕོ་སྐྱེས་༤ ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡི་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཤི་རྐྱེན་བྱུང་མི་༤ ལས་ ཕོ་སྐྱེས་༢ གཞལམ་སྒང་ལས་དང་༢ བསམ་གྲུབ་ལྗོངས་མཁར་ལས་ཨིནམ་ད་ བཟོ་སྐྲུན་གྱི་ལཱ་ཚུ་ བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱིས་ འབད་དོ་ཡོདཔ་ཨིན་པས།
ལས་མི་༥ གི་གྲས་ལས་༡ ལུ་ རྨ་སྐྱོན་སྦོམ་ བྱུང་ཡོདཔ་མ་ཚད་ གཟུགས་ཡང་འཚིགས་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་སྨན་ཁང་ནང་ བསྐྱལ་བའི་ཤུལ་ལས་ ཉིན་མ་ཁམས་ཅིག་ཁར་ མོང་སྒར་ལུང་ཕྱོགས་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།
ད་རུང་ བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱི་ ལས་མི་གཞན་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ཡོདཔ་ལས་ བསམ་གྲུབ་ཆོས་གླིང་སྨན་ཁང་ནང་ བསྐྱལ་ཡོདཔ་ལས་ ད་ལྟོ་ གནས་སྟངས་ལེགས་ལྡན་ཐོག་ ཡོདཔ་ཨིན་པས།
གས་རྫས་གས་པའི་སྐབས་ ས་འོག་ཆུ་ལམ་ནང་གི་ རླུང་མ་བཙག་ནིའི་ མཁོ་ཆས་ཚུ་ མེདཔ་བཏང་ཡོདཔ་ལས་ ད་རེས་ ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སྒོམ་དར་ལས་ རླུང་མ་བཙག་ཆས་ཚུ་ ལེན་ནི་ཨིནམ་ད་ དྲུང་ཁག་བདག་སྐྱོང་དང་ རྒེད་འོག་༤ གི་འགོ་དཔོན་ བསྟན་སྲུང་དམག་མི་དང་ ཁྲིམས་སྲུང་འགག་པ་ དེ་ལས་ གསོ་བའི་འགོ་དཔོན་ཚུ་གིས་ ས་འོག་ལས་ ཕུངམ་ཚུ་བཏོན་ནིའི་ དཔའ་བཅམ་རུང་ འབད་མ་ཚུགསཔ་ལས་ ད་རིས་ བཏོན་ནི་ཨིན་པའི་གནས་ཚུལ།

བསམ་གྲུབ་ཆོས་གླིང་ལས་ སྐལ་བཟང་དབང་ཕྱུག།

 

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *