བསམ་གྲུབ་ལྗོངས་མཁར་ལུ་ཡོད་མི་ རྒྱལ་ཁམས་ས་གཏེར་ལས་འཛིན་གྱི་ཡིག་ཚང་།

ནེ་པཱལ་ལུ་ རྡོ་དཀར་ཕྱིར་ཚོང་དང་འབྲེལ་བའི་ ཁ་ཉེས་ལུ་ ཞིབ་དཔྱད་འབད་བཞིན་དུ་ཡོདཔ།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དངུལ་ཀྲམ་ས་ཡ་༡.༧ འཕྱོག་བཟུང་འབད་བའི་ཤུལ་ལུ་ ལོག་སྤྲོད་ནུག།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་སྡེ་ཚན་ཅིག་གིས་ བསམ་གྲུབ་ལྗོངས་མཁར་ རྒྱལ་ཁམས་ས་གཏེར་ལས་འཛིན་གྱི་ ཚོང་འབྲེལ་མཁས་མཆོག་གིས་ ནེ་པཱལ་ལུ་ རྡོ་དཀར་ཕྱིར་ཚོང་ནང་ ངན་ལྷད་འཐབ་ཡོད་པའི་ ཁ་ཉེས་ལུ་ ཞིབ་དཔྱད་འབད་བཞིན་དུ་ཡོདཔ་ཨིན་པས།

དེ་དང་གཅིག་ཁར་ བསམ་གྲུབ་ལྗོངས་མཁར་ལས་ རྡོ་དཀར་ཚུ་ སྐྱེལ་འདྲེན་འབད་དོ་ཡོད་མི་ འབྲུག་ཤར་ཕྱོགས་སྒེར་སྡེ་ཚད་འཛིན་དེ་ཡང་ འབྲེལ་གཏོགས་ཡོད་པའི་ དོགས་པ་ལུ་བརྟེན་ ཞིབ་དཔྱད་འབད་བའི་བསྒང་ཨིན་པས།

སྤྱི་ཟླ་༣ པའི་ཚེས་༡༥ ལུ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཁྲིམས་འདུན་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ངོ་ཚབ་ ཁྲིམས་དོན་འགོ་དཔོན་ བསོད་ནམས་ཚེ་རིང་གིས་ རྒྱལ་ཁམས་ས་གཏེར་ལས་འཛིན་གྱི་ ཚོང་འབྲེལ་མཁས་མཆོག་གི་ སྡོད་ཁྱིམ་དང་ཡིག་ཚང་ དེ་ལས་ འབྲུག་ཤར་ཕྱོགས་སྒེར་སྡེ་ཚད་འཛིན་གྱི་ ཡིག་ཚང་ཚུ་ནང་ བཙན་འཚོལ་དང་ བཙན་ལེན་འབད་ཆོག་པའི་ གནང་བ་ཞུ་ནུག།

ཁྲིམས་འདུན་ལུ་ཕུལ་མི་ ཞུ་ཡིག་དང་འཁྲིལཝ་ད་ རྒྱལ་ཁམས་ས་གཏེར་ལས་འཛིན་གྱིས་ ནེ་པཱལ་ལུ་ རྡོ་དཀར་ཚུ་ ཕྱིར་ཚོང་འཐབ་པའི་སྐབས་ དོགས་པ་ཅན་ ཚོང་འབྲེལ་མཁས་མཆོག་དེ་ འབྲུག་ཤར་ཕྱོགས་སྒེར་སྡེ་ཚད་འཛིན་གྱི་ བགོ་བཤའ་འཆང་མི་ ཨིན་པའི་ཁར་ རྡོ་གཏེར་སྐྱེལ་འདྲེན་ཡང་ སྒེར་སྡེ་ཚད་འཛིན་གྱིས་ འབད་དོ་ཡོདཔ་ལས་ མཁོ་སྒྲུབ་ཀྱི་ ལམ་ལུགས་དང་ མ་འཁྲིལ་བར་ ཁོ་རའི་ཁེ་ཕན་རྐྱངམ་གཅིག་ལུ་དམིགས་ཏེ་འབད་ཡོད་པའི་ བརྡ་མཚོན་སྟོནམ་མས་ཟེར་བཀོད་ནུག།

རྡོ་དཀར་ཚུ་ ནེ་པཱལ་ལུ་ ཕྱིར་ཚོང་འཐབ་པའི་སྐབས་ གོང་ཚད་གཏན་འབེབས་བཟོ་ནིའི་ནང་ དབང་ཚད་ལོག་སྤྱོད་འབད་ཡོད་པའི་ ཉོགས་བཤད་དང་ ཚོང་འབྲེལ་མཁས་མཆོག་ཁོ་ར་ སྒེར་སྡེ་ཚད་འཛིན་གྱི་ བགོ་བཤའ་འཆང་མི་འབདཝ་ལས་ ཁེ་ཕན་ལྟག་སྤྲོད་གསལ་སྟོན་འབད་དེ་ བཅའ་མར་གཏོགས་མ་ཆོག་མི་ལུ་བརྟེན་ རྡོ་དཀར་སྐྱེལ་འདྲེན་དང་ ཕྱིར་ཚོང་དེ་ མཁོ་སྒྲུབ་ཀྱི་ ལམ་ལུགས་ལས་ ཐད་ཀར་དུ་ འགལ་ནུག་ཟེར་ ཞུ་ཡིག་ནང་བཀོད་ནུག།

ཁྲིམས་འདུན་ལུ་ཕུལ་མི་ ཞུ་ཡིག་དང་འཁྲིལཝ་ད་ དོགས་ཅན་དེ་ ལས་འཛིན་གྱི་ ཚོང་འབྲེལ་མཁས་མཆོག་ཅིག་འབདཝ་ལས་ གོང་ཚད་གཏད་འབེབས་བཟོ་ནིའི་ནང་ དབང་ཚད་ལོག་སྤྱོད་ཀྱི་ དོགས་པ་ཡོད་མི་དེ་ཡང་ རྡོ་དཀར་ཚུ་ ནེ་པཱལ་ལུ་ལྷོདཔ་ད་ མེ་ཊིག་ཊཱན་རེ་ལུ་ དངུལ་ཀྲམ་༥,༥༠༠ ལྷགཔ་རེ་སྦེ་ ཚོང་འབྲེལ་འཐབ་དོ་ཡོད་རུང་ འབྲུག་ལས་ རྡོ་དཀར་མེ་ཊིག་ཊཱན་རེ་ལུ་ དངུལ་ཀྲམ་༡,༩༧༠ རེ་སྦེ་བཙོང་པའི་ ཉོགས་བཤད་ཡོད་ཟེར་ཨིན་པས།

ཨིན་རུང་ གོང་ཚད་དེ་༢ ཀྱི་ ཁྱད་པར་སྐོར་ དྭངས་གསལ་མེདཔ་ལས་ ས་གཏེར་ལུ་བརྟེན་ མི་མང་གི་ རྒྱུ་དངོས་ཚུ་ མི་གཅིག་དང་གཉིས་ཀྱིས་ ལོག་སྤྱོད་འབད་དོ་ཡོད་པའི་ ཉོགས་བཤད་ཚར་ལེ་ཤ་ བཀོད་ཡོད་ནི་དེ་གིས་ རྒྱུ་མཚན་ལྡན་པའི་ དོགས་པ་ཆགས་ཡོད་ཟེར་ ཡི་གུའི་ནང་བཀོད་ནུག།

ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ ལྷན་ཚོགས་ཀྱི་ ཞིབ་དཔྱད་སྡེ་ཚན་གྱིས་ ས་གཏེར་ལས་འཛིན་གྱི་ ཚོང་འབྲེལ་ཡོངས་ཁྱབ་འཛིན་སྐྱོང་པ་དང་ ཚོང་འབྲེལ་མཁས་མཆོག་༢ ཀྱི་ འགྲུལ་འཕྲིན་དང་ གློག་རིག་ཀམ་པུས་ཊར་ དེ་ལས་ ལེབ་ཊོབ་ཚུ་ འཕྱོག་བཟུང་འབད་ཡོདཔ་མ་ཚད་ དོགས་པ་ཅན་༢ ཀྱི་ སྡོད་ཁྱིམ་དང་ ཡིག་ཚང་༢ ཆ་རའི་ནང་ བཙན་འཚོལ་ཡང་ འབད་ཡོདཔ་ཨིན་པས།

དེ་མ་ཚད་ ཞིབ་དཔྱད་སྡེ་ཚན་གྱིས་ དོགས་པ་ཅན་༢ ལུ་ དྲི་ཞིབ་འབད་ཡོདཔ་བཞིན་དུ་ འབྲུག་ཤར་ཕྱོགས་སྒེར་སྡེ་ཚད་འཛིན་གྱི་ ཡིག་ཚང་གི་ ཀམ་པུས་ཊར་དང་ ཡིག་ཆ་ཚུ་ཡང་ བཙན་ལེན་འབད་ཡོདཔ་ཨིན་པས།

ཞིབ་དཔྱད་སྡེ་ཚན་གྱིས་ དོགས་པ་ཅན་ ས་གཏེར་ས་འཛིན་གྱི་ ཚོང་འབྲེལ་མཁས་མཆོག་གི་ ཁྱིམ་ནང་ལས་ དངུལ་རྐྱང་དངུལ་ཀྲམ་ས་ཡ་༡.༢ དང་ འབྲུག་ཤར་ཕྱོགས་སྒེར་སྡེ་ཚད་འཛིན་གྱི་ ཡིག་ཚང་ནང་ལས་ དངུལ་ཀྲམ་ས་ཡ་༡.༧ འཕྱོགས་བཟུང་འབད་ནུག་ཟེར་ཨིན་རུང་ ཤུལ་ལས་ ལོག་སྤྲོད་མི་དེ་ཡང་ ལས་གཡོགཔ་ཚུ་ལུ་ དངུལ་ཕོགས་སྤྲོད་ནིའི་དོན་ལས་ བཞག་ཡོདཔ་ཨིན་པས།

དུས་ཅི་ སྤྱི་ཟླ་༣ པའི་ཚེས་༡ ལུ་ མིང་གསལ་བཀོད་མ་འབད་མི་ཅིག་གིས་ གནད་དོན་དེ་གི་སྐོར་ ཉོགས་བཤད་ཡི་གུ་ ངན་ལྷད་བཀོད་སྡོམ་ལྷན་ཚོགས་ལུ་ བཙུགས་ཡོདཔ་མ་ཚད་ མི་སྡེ་བརྡ་བརྒྱུད་ནང་ཡང་ གསལ་བཀོད་འབད་ཡོདཔ་ཨིན་པས།

ལྷན་ཚོགས་ཀྱིས་ ཞིབ་དཔྱད་མ་འབད་བའི་ཧེ་མ་ བདུན་ཕྲག་༢ དེ་ཅིག་ གནད་དོན་དེ་ ཞིབ་དཔྱད་འབད་ནིའི་ འོས་འབབ་ཡོད་མེད་ཀྱི་དོན་ལུ་ ཡིག་ཆ་ཚུ་ བསྡུ་ལེན་འབད་བའི་ཤུལ་ལས་ སྤྱི་ཟླ་༣ པའི་ཚེས་༡༢ ལུ་ ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་ནིའི་ གནང་བ་བྱིན་ཡོདཔ་ཨིན་པས།

ཉོགས་བཤད་ཡི་གུ་དེ་ མི་སྡེ་བརྡ་བརྒྱུད་ནང་ ཁྱབ་སྤེལ་སོང་པའི་ཤུལ་ལུ་ ཀུན་གསལ་གྱིས་ གནད་དོན་དེ་གི་སྐོར་ལས་ དྲི་བ་བཀོད་པའི་སྐབས་ འབྲུག་ས་གཏེར་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ ཁ་ཉེས་བཀལ་མི་ལུ་ བདེན་ཁུངས་ག་ནི་ཡང་མེད་ཟེར་ བཤད་ཅི།

འགོ་དཔོན་ཚུ་གིས་འབད་བ་ཅིན་ ཉོགས་བཤད་དེ་ རྡོ་དཀར་སྐྱེལ་འདྲེན་འབད་འདོད་ཡོད་རུང་ རིན་བསྡུར་ནང་ལས་ ཐོབ་མ་ཚུགས་མི་དེ་གིས་ བཀོད་ནུག་ཟེར་ཨིནམ་ད་ རྒྱལ་ཁམས་ས་གཏེར་ལས་འཛིན་གྱིས་ སྐྱེལ་འདྲེན་ལུ་ ལྟ་རྟོག་འབད་ནི་མེད་ཟེར་ཨིན་པས།

མི་ངོ་དེ་གིས་ ན་ཧིང་ སྤྱི་ཟླ་༩ པའི་ནང་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ དེ་བཟུམ་མའི་ ཉོགས་བཤད་བཀོད་ཡོདཔ་བཞིན་དུ་ དེ་བསྒང་ ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་ རྩོད་དོན་སོ་སོ་ཅིག་ནང་ བསམ་གྲུབ་ལྗོངས་མཁར་ལུ་ཡོདཔ་ལས་ ལས་འཛིན་གྱི་ ཡིག་ཚང་ནང་ བལྟ་བར་སོང་ནུག་ཟེར་ཨིན་པས།

དེ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ གནད་དོན་དེ་ལུ་ ངན་ལྷད་མེདཔ་ལས་ ཉོགས་བཤད་ཚུ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ལས་འཛིན་ལུ་ བཏང་ཡོདཔ་ཨིན་པས།

ཨིན་རུང་ ལས་འཛིན་གྱིས་ དུས་ཅི་བཀོད་མི་ ཉོགས་བཤད་ལུ་ གཞི་ཁུངས་ག་ནི་ཡང་མེད་ཟེར་ སླབ་པའི་ཤུལ་ལས་ ལྷན་ཚོགས་ཀྱིས་ ངན་ལྷད་དང་འབྲེལ་བའི་ གནད་དོན་ཡོདཔ་ མཐོང་མི་ལུ་བརྟེན་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *