ནུས་ཤུགས་ལངམ་མེད་མི་གིས་ བརྡ་དོན་ཡོངས་འབྲེལ་དང་ བརྒྱུད་འཕྲིན་ལུ་བར་ཆད།

༉ འབྲུག་བརྒྱུད་འཕྲིན་ཚད་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ད་རེས་ནངས་པར་ ཡོངས་འབྲེལ་མགྱོགས་དྲགས་མེདཔ་ ཐལ་མི་དང་ བརྒྱུད་འཕྲིན་གྱི་ བརྒྱུད་ལམ་ཚུ་ལུ་ བར་ཆད་བྱུང་མི་དེ་ གཙོ་བོ་ར་ ཕའི་བར་བརྒྱུད་ཐག་བཏོགས་མི་དང་ གི་ག་བིཊ་ པེ་སིབ་ ཨོབ་ཊི་ཀཱལ་མཐུད་སྦྲེལ་གྱི་ ནུས་ཤུགས་ཚུ་ མར་བབས་སོང་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༦ པ་ཚུན་གྱི་ ཐོ་བཀོད་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ བརྒྱུད་འཕྲིན་ལག་ལེན་འཐབ་མི་༡༠,༠༠༠ དང་ དངུལ་སྤྲོད་ཐོག་ལས་ འགྲུལ་འཕྲིན་མོ་བཱ་ཡེལ་ལག་ལེན་འཐབ་མི་༣༧༠,༠༠༠ ཤུལ་སྤྲོད་ཐོག་ལས་ འགྲུལ་འཕྲིན་ལག་ལེན་པ་༡༡,༧༠༠ དེ་ལས་ བོ་རོཊ་བེན་ལག་ལེན་འཐབ་མི་༡༦,༠༠༠ དེ་ཅིག་ཡོདཔ་ཨིན་པས།
ཐིམ་ཕུག་བདེ་ཆེན་ཆོས་གླིང་དང་ སེམས་རྟོགས་ཁའི་ ས་ཁོངས་ནང་ སྡོད་མི་མ་གཏོགས་ ཐིམ་ཕུག་གི་ ས་གནས་མང་ཤོས་ཅིག་ནང་ར་ བརྒྱུད་ལམ་དང་ ཡོངས་འབྲེལ་གྱི་ དཀའ་ངལ་ཐོན་ཏེ་ ཡོདཔ་ཨིན་པས།
བརྒྱུད་འཕྲིན་ཚད་འཛིན་གྱི་ ཚོང་འབྲེལ་ལས་སྡེའི་ ཡོངས་ཁྱབ་འཛིན་སྐྱོང་པ་ དཔལ་འབྱོར་གྱིས་ སླབ་མིའི་ནང་ བརྒྱུད་ལམ་གྱི་ མཐུད་སྦྲེལ་ ལག་ལེན་འཐབ་མི་༣,༡༥༠ ཡོད་མི་ལུ་བརྟེན་ སར་བར་མཐུད་སྦྲེལ་གྱི་ ནུས་ཤུགས་ལས་བརྒལ་སོ་ནུག་ཟེར་ཨིནམ་ད་ སྤུས་ཚད་ཡར་དྲག་གཏང་ནི་སྦེ་ གྲོས་ཐག་བཅད་དེ་ཡོད་ཟེར་ བཤདཔ་ཨིན་པས།
ཞབས་ཏོག་དེ་ སྤྱི་ཟླ་༨ པའི་ཚེས་༤ ལུ་ ལེགས་བཅོས་འབད་ཡོདཔ་བཞིན་དུ་ མི་༣༡,༠༠༠ དེ་ཅིག་གིས་ ལག་ལེན་འཐབ་ཚུགས་པའི་ ཕའི་བར་ཚུ་ བཙུགས་ཏེ་ཡོདཔ་ད་ ད་རེས་ནངས་པར་ ཐིམ་ཕུག་ལུ་ ཁྲོམ་གོང་འཕེལ་གྱི་ ལས་སྣ་ཚུ་ འབད་མི་ལུ་བརྟེན་ ཕའི་བར་ཚུ་ལུ་ གནོད་སྐྱོན་རྐྱབ་སྟེ་ཡོད་ཟེར་ དཔལ་འབྱོར་གྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ མང་ཤོས་ར་ མུ་ཏིག་ཐང་དང་ ལྕང་སྒང་ཁའི་ ས་ཁོངས་ཚུ་ནང་ གནོད་སྐྱོན་རྐྱབ་སྟེ་ཡོདཔ་ད་ ད་རེས་ བརྒྱུད་ལམ་དང་ མོ་བཱ་ཡེལ་གྱིས་ བདའ་མ་ཟུན་པའི་ཁར་ བརྒྱུད་འཕྲིན་བཏངམ་ད་ ལེགས་ཤོམ་སྦེ་ གོ་མ་ཚུགས་པའི་ དཀའ་ངལ་ཐོན་མི་དེ་ར་ ཅ་ཆས་ཚུ་ ཕར་ཚུར་སྤོ་བཤུད་འབདནི་དེ་གིས་ཨིན་ཟེར་ བཤདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༣ པ་ལས་ ཅ་ཆས་ཚུ་ སྒྲིང་ཁྱིམ་གསརཔ་བརྒྱུད་དེ་ ས་ཁོངས་གཞན་ཚུ་ནང་ སྤོ་བཤུད་འབད་ཡོདཔ་བཞིན་དུ་ བརྒྱུད་ལམ་གྱི་ དཀའ་ངལ་ཚུ་ལུ་ བརྟག་ཞིབ་ཚུ་ཡང་ འབད་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ ཞབས་ཏོག་ཚུ་ ལེགས་བཅོས་འབད་ཡོདཔ་ལས་ ད་ལས་ཕར་ བརྒྱུད་ལམ་དང་འབྲེལ་བའི་ དཀའ་ངལ་ཚུ་ མི་འཐོན་ནི་དང་ ལཱ་ཚུ་ཡང་ ཤུལ་མའི་ཟླཝ་ནང་ མཇུག་བསྡུ་ནི་གི་ ལས་འཆར་ཡོད་ཟེར་ཨིན་པས།
དཔལ་འབྱོར་གྱིས་ སླབ་མིའི་ནང་ ཚོང་མགྲོན་པ་ཚུ་ལུ་ བརྒྱུད་ལམ་དང་འབྲེལ་བའི་ ཞབས་ཏོག་ཚུ་ སྤུས་ཚད་དང་ལྡནམ་སྦེ་ བྱིན་ནི་ལུ་ ཁས་ལེན་འབད་དེ་ཡོདཔ་བཞིན་དུ་ ལམ་ལུགས་དེ་ཡང་ དགོས་མཁོ་དང་འཁྲིལ་ཏེ་ ཡར་སེང་འབད་ནི་ཟེར་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *