རུས་པའི་ས་ལུ་ཡོད་མི་ ནུས་ཤུགས་རླུང་འཁོར།

ནུས་ཤུགས་རླུང་འཁོར་ཚུ་ ལག་ལེན་འཐབ་མ་བཏུབ་ཐལ་ཡོདཔ།

༉ དབང་འདུས་ཕོ་བྲང་རྫོང་ཁག་ རུས་པའི་ས་ལུ་ ལོ་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་ས་ཡ་༥ དེ་རེ་བཟོ་མི་ ནུས་ཤུགས་རླུང་འཁོར་༢ ལག་ལེན་མཚམས་འཇོག་འབད་དེ་ཡོད་མི་དེ་ཡང་ རླུང་འཁོར་གྱི་ཁ་ ལཱ་འབད་མ་བཏུབ་ ཐལ་མི་ལུ་བརྟེན་ཨིན་པས།

སྤྱི་ཟླ་༢ པའི་ཟླ་ཕྱེད་ལུ་ ནུས་ཤུགས་རླུང་འཁོར་༢ ལས་༡ ལུ་ རླུང་འཁོར་གྱི་ཁ་འམ་ རྣོས་དང་འབྲེལ་བའི་ དཀའ་ངལ་བྱུང་ཡོདཔ་ཨིན་པས།

རུས་པའི་ས་ལུ་ ནུས་ཤུགས་རླུང་འཁོར་གྱི་ གློག་མེ་ཁང་ནང་ འབྲུག་གློག་མེ་ལས་འཛིན་གྱི་ ས་ཁོངས་འཕྲུལ་རིག་འགོ་དཔོན་ དབང་ཕྱུག་གིས་ སླབ་མིའི་ནང་ བཀྲམ་སྤེལ་བ་ལས་ བསླབ་བྱ་བྱིན་མི་དང་འཁྲིལ་ ལཱ་འབད་བཏུབ་མི་ ནུས་ཤུགས་རླུང་འཁོར་གཞན་དེ་ཡང་ ལག་ལེན་མ་འཐབ་པར་ མཚམས་འཇོག་འབད་དེ་ བཞག་ཅི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ རླུང་འཁོར་གྱི་རྣོས་ཚུ་དང་འབྲེལ་བའི་ དཀའ་ངལ་བརྟག་དཔྱད་འབད་ནིའི་དོན་ལུ་ སྤྱི་ཟླ་༤ པའི་ཚེས་༡༢ ལུ་ མཁས་མཆོག་ཅིག་ ལྷོད་འོང་ཟེར་ཨིནམ་ད་ ད་ལྟོ་ དཀའ་ངལ་ག་ཅི་ཨིན་ན་ ཁོང་གིས་ མི་ཤེས་ཟེར་ བཤདཔ་ཨིན་པས།

འགོ་ཐོག་སྐབས་ ཇ་པཱན་ལས་ བརྟག་ཞིབ་པ་ཅིག་ སྤྱི་ཟླ་༣ པའི་ནང་ འོང་ནི་གི་ འཆར་གཞི་བརྩམས་ཡོད་རུང་ རྒྱལ་ཡོངས་ཀྱི་ སྨན་ཁབ་ལས་རིམ་ལུ་བརྟེན་ འཆར་གཞི་དེ་ ཕར་འགྱངས་འབད་ཡི་ཟེར་ དབང་ཕྱུག་གིས་ བཤདཔ་ཨིན་པས།

ད་རུང་ དོས་འདྲེན་འཕྲུལ་འཁོར་ ཀེ་རེན་ཅིག་ ནང་འདྲེན་འབད་བ་ཅིན་ མཐོ་ཚད་མི་ཊར་༤༤ ལྷགཔ་ཅིག་དང་ ཡར་འཐུ་ནིའི་ ནུས་ཤུགས་ཏཱན་༦༠ འབད་མི་དགོཔ་ལས་ གདོང་ལེན་འདུག་ཟེར་ དབང་ཕྱུག་གིས་ བཤད་ཡོདཔ་ད་ ནུས་ཤུགས་རླུང་འཁོར་༢ ལུ་ མཐོ་ཚད་མི་ཊར་༤༡ རེ་ ཡོདཔ་ཨིན་པས།

འཕྲུལ་འཁོར་ཀེ་རེན་དེ་ རྒྱལ་ཁབ་ནང་མེདཔ་ལས་ རྒྱ་གར་ལས་ འབག་འོང་དགོཔ་བཞིན་དུ་ གལ་སྲིད་ ནང་འདྲེན་འབད་དགོ་པ་ཅིན་ གསོ་བའི་སྒྲིག་གཞི་དང་འཁྲིལ་ ཉིན་གྲངས་༢༡ གི་རིང་ ཟུར་བཞག་དགོཔ་ཨིན་པས།

ཨིན་རུང་ ས་གནས་ཀྱི་ གློག་མེ་འཕྲུལ་ཁང་ནང་ ལཱ་འབད་མི་ཚུ་གིས་ གདོང་ལེན་དེ་ གོ་སྐབས་སྦེ་ ལེན་ཐོག་ལས་ ནུས་ཤུགས་རླུང་འཁོར་གྱི་སྐོར་ལས་ ལྷབ་སྦྱང་འབད་དོ་ཡོདཔ་ཨིན་པས།

ནུས་ཤུགས་རླུང་འཁོར་༢ སྤྱི་ལོ་༢༠༡༦ ལུ་ མོ་བཏབ་ལས་འགུལ་ཅིག་སྦེ་ འགོ་བཙུགས་ཏེ་ སྤྱི་ལོ་༢༠༡༨ ཚུན་ ཇ་པཱན་གྱི་ཚོང་སྡེ་ཅིག་ཨིན་མི་ ཁག་འབགཔ་དེ་གིས་ རྒྱུན་སྐྱོང་གི་ ལཱ་འབདཝ་དང་འབྲེལ་ འབྲུག་གློག་མེ་ལས་འཛིན་གྱི་ ལས་བྱེདཔ་ཚུ་ལུ་ སྦྱོང་བརྡར་ཡང་བྱིན་ནུག།

ང་བཅས་ཀྱིས་ ཁོང་དང་གཅིག་ཁར་ ལཱ་འབདཝ་ད་ ལག་ལེན་དངོས་བསྟར་གྱི་ སྦྱོང་བརྡར་ཐོབ་ཡོདཔ་བཞིན་དུ་ ཇ་པཱན་ཚོང་སྡེའི་ ཁག་འབག་གནས་ཡུན་ མཇུག་བསྡུ་བའི་ཤུལ་ལུ་ སྤྱི་ལོ་༢༠༡༩ ལས་ ཁོང་ར་གིས་ རྒྱུན་སྐྱོང་གི་ ལཱ་ཚུ་འབད་ཡི་ཟེར་ དབང་ཕྱུག་གིས་ བཤདཔ་ཨིན་པས།

སྤྱི་ལོ་༢༠༢༠ ཟླ་༡༢ པ་ཚུན་ རུས་པའི་ས་ ནུས་ཤུགས་རླུང་འཁོར་༢ ཀྱིས་ གློག་མེ་ཡུ་ནིཊ་ས་ཡ་༤.༨༢ ཐོན་སྐྱེད་འབད་དེ་ འོངས་འབབ་དངུལ་ཀྲམ་ས་ཡ་༢༤.༥༦༦ བཟོ་ཡོདཔ་ད་ སྤྱིར་སྙོམས་ལུ་ རླུང་འཁོར་༢ ཀྱིས་ ལོ་རེ་ལུ་ གློག་མེ་ཡུ་ནིཊ་ས་ཡ་༡.༢ རེ་ ཐོན་སྐྱེད་འབད་དོ་ཡོདཔ་ཨིན་པས།

སླར་འབྱུང་ནུས་ཤུགས་འཛིན་སྐྱོང་གི་ འཆར་གཞི་ཨམ་དང་འཁྲིལཝ་ད་ འབྲུག་ལུ་ རླུང་ཤུགས་དང་འབྲེལ་བའི་ནུས་ཤུགས་ མེ་ག་ཝཱཊ་༧༦༠ ཐོན་སྐྱེད་འབད་ནིའི་ འོས་འབབ་ཡོད་རུང་ ད་རེས་ ཆུར་བརྟེན་གློག་མེ་འཕྲུལ་སྦོམ་ཚུ་ མ་བརྩིས་བར་ སླར་འབྱུང་ནུས་ཤུགས་མེ་ག་ཝཱཊ་༩ མ་གཏོགས་ གཞི་བཙུགས་འབད་དེ་མེདཔ་ཨིན་པས།

དབང་ཕྱུག་གིས་ སླབ་མིའི་ནང་ གཞུང་གིས་ རུས་པའི་ས་དང་ དགའ་སེང་ལོ་ལུ་ ནུས་ཤུགས་མེ་ག་ཝཱཊ་བསྡོམས་༡༨ ཐོན་སྐྱེད་འབད་ཚུགས་མི་ ནུས་ཤུགས་རླུང་འཁོར་ཚུ་ གཞི་བཙུགས་འབད་ནི་གི་ འཆར་གཞི་བརྩམས་ནུག་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *