བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱི་དབུ་བཞུགས་ཐོག་ལུ་ སྤ་རོ་ལུ་ བར་མཚམས་བསྐྱར་ཞིབ་ཞལ་འཛོམས་ འཚོགས་པའི་བསྒང་།

ནུབ་ཕྱོགས་རྫོང་ཁག་༣ དང་ ཁྲོམ་སྡེ་༢ ཀྱི་བར་མཚམས་བསྐྱར་ཞིབ།

༉ ཧཱ་རྫོང་ཁག་གིས་ འདས་པའི་ལོའི་ བར་མཚམས་བསྐྱར་ཞིབ་འབད་མི་ སྙན་ཞུ་དང་འཁྲིལཝ་ད་ རྫོང་ཁག་གིས་ དམིགས་དོན་ཁག་༥༦ ཡོད་ས་ལས་༡༤ གྲུབ་ཚར་ཡོད་རུང་ ཉེན་ཁ་ཅན་གྱི་གནས་སྟངས་ནང་ ཕུད་རྡོག་གཅིག་ཡང་ མེདཔ་ཨིན་པས།
གནད་དོན་དེའི་སྐོར་ལས་ འདས་པའི་རེས་གཟའ་སྤེན་པའི་ཚེ་ སྤ་རོ་ལུ་སྦེ་ བར་མཚམས་བསྐྱར་ཞིབ་ཀྱི་ སྙན་ཞུ་འབད་བའི་སྐབས་རྫོང་ཁག་དེ་ནང་ ལས་སྣ་ཁག་༤༢ འབད་འཕྲོ་ཡོད་པའི་ཁར་ རྫོང་ཁག་གི་ རྒེད་འོག་ཚུ་ནང་ དངུལ་ཐོག་དང་ ཟ་ཆས་ཀྱི་རིགས་ཚུ་ དམིགས་གཏད་བསྐྱེད་མི་དང་འཁྲིལ་ གྲུབ་ཚུགས་པའི་ཁར་ གེ་ཟ་འབད་བ་ཅིན་ མེ་ཊིག་ཊཱོན་༢༥༥ དམིགས་གཏད་བསྐྱེད་ས་ལས་ མེ་ཊིག་ཊཱོན་༢༥༨.༧༤ ཐོན་སྐྱེད་འབད་ཚུགས་པའི་ཁར་ ཨེ་པཱལ་མེ་ཊིག་ཊཱོན་༥༤༤.༤༤ དང་ དངུལ་ཐོག་ཨ་ལཱན་ཅི་ མེ་ཊིག་ཊཱོན་༦༩.༡༡ ཐོན་སྐྱེད་འབད་ཡོདཔ་ཨིན་པས།
ཚོད་བསྲེའི་རིགས་འབད་བ་ཅིན་ མེ་ཊིག་ཊཱོན་༥༨༤.༤ དམིགས་གཏད་བསྐྱེད་ས་ལས་ མེ་ཊིག་ཊཱོན་༨༨༢.༥༠ ཐོན་སྐྱེད་འབད་ཡོདཔ་ད་ ཨོམ་གྱི་ཐོན་སྐྱེད་ མེ་ཊིག་ཊཱོན་༢༣༠༡.༠༤ དང་ འཆར་དངུལ་གྱི་ ཟད་འགྲོ་ཡོངས་བསྡོམས་ལས་ བརྒྱ་ཆ་༤༩.༧༣ ལག་ལེན་འཐབ་ཚར་ཡོདཔ་ཨིན་པས།
སྤ་རོ་རྫོང་ཁག་འབད་བ་ཅིན་ ལས་སྣ་ཁག་༥༢ ཡོད་ས་ལས་༤༦ འབད་བའི་བསྒང་ཡོདཔ་ད་ ལས་སྣ་༣ ཉེན་ཁ་ཅན་ནང་ཡོདཔ་ད་ རྫོང་ཁག་ནང་ རང་སྲོག་བཅད་མི་༤ ཐོན་ཡོདཔ་ལས་ རྫོང་ཁག་གི་གསོ་བའི་སྨན་ཁང་དང་ གཙུག་སྡེ་ཚུ་ནང་ གསོ་བའི་བསླབ་སྟོན་པ་ཚུ་ བཙུགས་དགོ་པའི་ ཞུ་བ་འབད་ཡི།
ཐིམ་ཕུག་རྫོང་ཁག་ནང་འབད་བ་ཅིན་ དམིགས་གཏད་ཁག་༤༠ ལས་༡ རྐྱངམ་གཅིག་ ཉེན་ཁ་ཅན་ནང་ཡོད་པའི་ཁར་ གཞན་མི་ལས་སྣ་གཞན་༣༡ ད་ལྟོ་ འབད་འཕྲོ་ཡོདཔ་ཨིན་པས།
རྫོང་ཁག་གིས་ ཨེ་མ་དང་ སྲནམ་ཅུམ་ དེ་ལས་ སྒོགཔ་ལ་སོགས་པའི་ ཚོད་བསྲེའི་རིགས་༡༦ ལས་ མེ་ཊིག་ཊཱོན་༣༣༠༠ ཐོན་སྐྱེད་འབད་ནིའི་ དམིགས་གཏད་ཡོད་རུང་ མེ་ཊིག་ཊཱོན་༤༦༩༠ ཐོན་སྐྱེད་འབད་ཡོདཔ་ད་ ཀེ་བ་ མེ་ཊིག་ཊཱོན་༣༢༢༧ ཐོན་སྐྱེད་འབད་ཚུགས་ནུག།
ཐིམ་ཕུག་ཁྲོམ་སྡེ་གིས་ ལས་སྣ་༤༥ ཡོད་ས་ལས་༣༦ འབད་བའི་བསྒང་ཡོད་རུང་ ཁག་༧ འབད་ཚར་ཡོདཔ་ད་༢ ཉེན་ཁ་ཅན་ནང་ཡོད་པཨིན་པས།
ཁྲོམ་སྡེ་གིས་ མི་མང་སྐྱེལ་འདྲེན་བཱསི་ཚུ་བཞག་སའི་ ས་ཁོངས་གཉིས་ནང་ མཐུན་རྐྱེན་ཚུ་བཙུགས་ཏེ་ ལེགས་ཤོམ་སྦེ་བཟོ་ཡོདཔ་ད་ ཁྲོམ་སྡེ་ནང་འཁོད་ལུ་ གློག་མེའི་མཐུན་རྐྱེན་ཚུ་ཡང་ ཡར་དྲག་བཏང་ཡོདཔ་་ཨིན་པས།
ཁྲོམ་སྡེ་གིས་ ཁྲོམ་སྡེ་ནང་འཁོད་ལུ་ ཤིང་གི་ལྕངམ་༣༦༧༠ འཛུགས་སྐྱོང་འབད་ཡོདཔ་ད་ ཕྱགས་བདར་ལས་རིམ་ཐེངས་༨ དེ་ཅིག་ འགོ་འདྲེན་འཐབ་ཡོདཔ་ད་ ཚུལ་མིན་ཐོག་ལས་ ཁྱིམ་བཟོ་སྐྲུན་འབད་མིའི་གྱངས་ཁ་ མར་ཕབ་འབད་ནིའི་དམིགས་གཏད་ཡོད་མི་ལྟར་དུ་ འབྱུང་བཞི་ནང་དང་ བར་སྦིས་ས་ ལྕང་ཟམ་ཏོག་ དེ་ལས་ ལྕང་ཇི་ཇིའི་ས་ཁོངས་ཚུ་ནང་ མར་ཕབ་འབད་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ཁྲོམ་སྡེ་གིས་འབད་བ་ཅིན་ ལས་སྣ་ཁག་༣༨ ཡོད་མི་ལས་༣༤ འབད་བའི་བསྒང་ཡོདཔ་ད་ ཉེན་ཁ་ཅན་ནང་ ཕུད་རྡོག་༡ ཡང་མེད་པའི་ སྙན་ཞུ་འབད་ཡི།
ཁྲོམ་སྡེ་ནང་ རང་བཞིན་རྐྱེན་ངན་འབྱུང་ནི་ལས་ བཀག་ཐབས་ལུ་ ཐབས་ལམ་བཏོན་ནིའི་ དམིགས་དོན་ཡོད་མི་ཚུ་ག་ར་ གྲུབ་ཚར་ཡོདཔ་ཨིན་པའི་གནས་ཚུལ།

སྤ་རོ་ལས་ བཀྲིས་བསྟན་འཛིན།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *