ནི་ཕ་ནད་གཞི་ མི་འཐོབ་ནིའི་དོན་ལུ་ སྔོན་འགོག།

༉ རྒྱ་གར་གྱི་མངའ་སྡེ་ ཀེ་རེ་ལ་ལུ་ ནི་ཕ་ནད་འབུབ་ཟེར་མི་ ནད་གཞི་ཅིག་ཐོན་ཡོདཔ་ལས་ རྒྱལ་ཁབ་ནང་ མི་ཚུ་གིས་ ནད་གཞི་དེ་ཐོན་ནུག་ཟེར་ འདྲོག་བྱེལ་འཐབ་སྡོད་ནི་མེན་པར་ ནད་གཞི་མ་འཐོབ་ལས་ སྔོན་འགོག་ཐབས་ལམ་ དཔེ་འབད་བ་ཅིན་ བཞེས་སྒོ་མ་བཟའ་བའི་ཧེ་མར་ ལགཔ་འཁྱུ་ནི་དང་ ནད་གཞི་ཡོད་པའི་ས་ཁོངས་ནང་ལས་ འོང་མི་ཚུ་དང་གཅིག་ཁར་ འབྲེལ་བ་མ་འཐབ་པར་ སྡོད་དགོཔ་དེ་ ཁག་ཆེ་ཟེར་ གསོ་བའི་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

ནི་ཕ་ནད་འབུབ་ཟེར་མི་ ནད་གཞི་དེ་ མི་མང་འཕྲོད་བསྟེན་ལུ་ གནོད་སྐྱོན་བྱུང་མི་ ནད་གཞིའི་གྲངས་སུ་ མི་ཚུད་དོ་ཡོདཔ་ཨིན་རུང་ མི་མང་འཕྲོད་བསྟེན་གྱི་ མདོ་ཆེན་ཌོག་ཊར་ཀརྨ་ལྷ་འཛིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ནད་གཞི་དེ་ལུ་བརྟེན་ ནདཔ་ཚུ་ལུ་ ཤི་རྐྱེན་བྱུང་ནི་དེ་གིས་ མི་མང་འཕྲོད་བསྟེན་གྱི་ ཉེན་ཁ་ཡོད་པའི་གྲངས་སུ་ ཚུད་ཡོདཔ་སྦེ་ཨིན་པས།

ནད་གཞི་དེ་ མ་གཞི་སེམས་ཅན་གྱི་ ནད་གཞི་ཅིག་ཨིན་རུང་ ནད་འབུབ་དེ་ སེམས་ཅན་ཚུ་ལས་ མི་ལུ་ཁྱབ་སྤེལ་འགྱོ་དོ་ཡོདཔ་ད་ ནད་གཞི་དེ་གི་ ནད་རྟགས་ཚུ་ཡང་ དྲོད་འབར་རྐྱབ་ནི་དང་ ཁ་ལས་སྐྱུགས་ནི་ ལག་ཚིག་རྐང་ཚིག་ན་ནི་ ལྐོདམ་ན་ནི་ དབུགས་གཏོང་ལེན་གྱི་ དཀའ་ངལ་ལ་སོགས་པ་ཚུ་ བྱུངམ་ཨིན་པས།

མ་གཞི་ ནད་གཞི་དེ་ སེམས་ཅན་ཕོཝ་མ་ཀེ་དང་ ཕགཔ་ལས་ ཐོབ་དོ་ཡོདཔ་ཨིན་པས།

ཌོག་ཊར་ཀརྨ་ལྷ་འཛིན་གྱིས་འབད་བ་ཅིན་ ད་ལྟོ་རྒྱལ་ཁབ་ནང་ ནི་ཕ་ནད་གཞི་དེ་ ཐོན་ཐོནམ་མེདཔ་ལས་ མི་སེར་ཚུ་གིས་འབད་རུང་ ནད་གཞི་ཡོད་མི་ ས་ཁོངས་ནང་ལས་ འོང་མི་མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ནི་དེ་ ག་དེ་དྲག་དྲག་འཛེམ་དགོཔ་ཁག་ཆེ་ཟེར་ཨིན་པས།

ནད་གཞི་དེ་ ཚ་རིམ་དང་ཨེ་ཨར་ཨའི་ཚུ་བཟུམ་སྦེ་ རླུང་མ་ལུ་བརྟེན་ འབུ་མི་མེན་པར་ ནད་གཞི་ཡོད་མི་ མི་དང་གཅིག་ཁར་ སྦོ་ལོགས་ཁར་ འབྲེལ་བ་འཐབ་ད་རྐྱངམ་གཅིག་ ཐོབ་དོ་ཡོདཔ་ཨིན་པས།

ནད་གཞི་ཐོན་ཡོད་པའི་ ས་གནས་ཚུ་ནང་ ནད་གཞི་ལུ་བརྟེན་ ཤི་རྐྱེན་བྱུང་དོ་ཡོདཔ་སྦེ་ སླབ་པའི་སྐབས་ ང་བཅས་རྒྱལ་ཁབ་ནང་ཡོད་མི་ཚུ་ཡང་ འདྲོག་བྱེལ་འཐབ་དོ་ཡོད་རུང་ གསོ་བའི་ལྷན་ཁག་གི་ཁ་ཐུག་ལས་ ནད་གཞི་གདོང་ལེན་འབད་ནིའི་དོན་ལུ་ གྲ་སྒྲིག་འབད་དེ་ཡོདཔ་ལས་ གནམ་མེད་ས་མེད་ཅིག་ འདྲོག་དགོཔ་མེད་ཟེར་ མདོ་ཆེན་གྱིས་ བཤད་ཅི།

འབྲུག་རྒྱལ་ཁབ་ཀྱི་ ས་གནས་ཚུ་ནང་ ནད་གཞི་དེ་ ཁྱབ་སྤེལ་འགྱོ་ནིའི་ ཉེན་ཁ་མེད་རུང་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ ཤིང་འབྲས་ཚུ་གུ་ ཕོཝ་མ་ཀེ་གིས་ ཆུ་བཏང་སྟེ་ཡོད་མི་ ཤིང་འབྲས་ཚུ་བཟའ་བ་ཅིན་ ཐོབ་དོ་ཡོདཔ་སླབ་རུང་ ནད་གཞི་དེ་ འཐོབ་ནིའི་ཉེན་ཁ་སྦོམ་སྦེ་ར་ མེད་ཟེར་ཨིན་པས།

ནད་གཞི་དེ་གི་སྐོར་ལས་ གསོ་བའི་འཕྲོད་བསྟེན་འགོ་དཔོན་ཚུ་ལུ་ སླབ་སྟེ་ཡོདཔ་ལས་ ག་དེམ་ཅིག་སྦེ་ ནད་གཞི་དེ་གི་ ནད་རྟགས་རེ་ འཐོན་པ་ཅིན་ དེ་འཕྲོ་ལས་ གསོ་བའི་འཕྲོད་བསྟེན་ལྟེ་བ་ཚུ་ནང་ འགྱོ་དགོཔ་ཁག་ཆེ་ཟེར་ཨིན་པས།

རྒྱ་གར་གྱི་ས་གནས་ ཀེ་རེ་ལ་ལུ་ ནད་གཞི་དེ་ཐོན་པའི་ཤུལ་ལུ་ ད་ལྟོ་ཚུན་ཚོད་ མི་༡༠ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *