༉ ལོ་ངོ་མང་རབས་ཅིག་གི་ཤུལ་ལས་ ཐིམ་ཕུག་ནཱ་རོ་རྒེད་འོག་གི་ མི་སེར་གྱིས་ གངས་རི་ཚུ་ལས་ བསྡུ་བསྒྱོམ་འབད་མི་ སྔོ་སྨན་ཚུ་ སྐམ་ནི་གི་ མཐུན་རྐྱེན་ཅིག་ཐོབ་ནུག།
དེ་ཡང་ ཐོག་ཚད་༡ འབད་མི་ སྔོ་སྨན་སྐམ་ཁང་དེ་ འདས་པའི་བདུན་ཕྲག་ནང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ རྒེད་འོག་ནང་ གཟིགས་སྐོར་གནང་པའི་སྐབས་ སྒོ་འབྱེད་གནང་ཡི།
དེ་བསྒང་ མི་སེར་ཚུ་གིས་ བློན་ཆེན་ལུ་ ཞུ་མིའི་ནང་ ད་ཚུན་གྱི་བར་ན་ སྔོ་སྨན་ཚུ་ སྐམ་ནིའི་དོན་ལུ་ མཐུན་རྐྱེན་མེད་པར་ གདོང་ལེན་སྦོམ་སྦེ་ར་ བྱུང་ཡོད་མི་དེ་ སེལ་ཚུགས་ནི་མས་ཟེར་ཨིན་པས།
ནཱ་རོ་དམངས་མི་ ཀུན་དགའ་འཕྲིན་ལས་ཀྱིས་ རྒེད་འོག་ནང་ སྔོ་སྨན་སྐམ་ས་མེད་པའི་སྐབས་ མི་སེར་མང་ཤོས་ཅིག་གིས་ རང་སོའི་སྨན་རིགས་ཚུ་ བྱག་ཕུག་དང་ གུར་ཚུ་ནང་ སྐམ་དོ་ཟེར་ བཤད་པའི་ཁར་ གལ་སྲིད་ ཆརཔ་ལུ་བརྟེན་ སྐམ་མ་ཚུགས་པ་ཅིན་ ཀ་ཝང་བྱང་ས་ ནང་པའི་སྨན་ཁང་ནང་ འབག་འོང་དོ་ཟེར་ བཤདཔ་ཨིན་པས།
སྔོ་སྨན་ཚུ་ ལེགས་ཤོམ་སྦེ་ སྐམ་མ་ཚུགས་པ་ཅིན་ གོང་ཚད་ལུ་ ཐོ་ཕོགཔ་མས་ཟེར་ ཀུན་དགའ་འཕྲིན་ལས་ཀྱིས་ བཤདཔ་ཨིན་པས།
དེ་འབདཝ་ད་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡ བཏང་ཐོག་ལས་རྐྱབ་མི་ སྐམ་ཁང་དེ་ གློག་མེ་ལྷོད་ཞིནམ་ལས་མ་གཏོགས་ ལག་ལེན་འཐབ་མི་ཚུགས་ནི་ཨིན་པས།
དམངས་མི་གིས་འབད་བ་ཅིན་ གློག་མེའི་མཐུན་རྐྱེན་དེ་ སང་ཕོད་ ལྷོད་ནིའི་རེ་བ་ བསྐྱེད་དོ་ཡོད་མི་དེ་ཡང་ འབྲུག་གློག་མེ་ལས་འཛིན་གྱིས་ གློག་མེ་བཀྲམ་སྤེལ་འབད་ནི་དོན་ལས་ སྤྱི་ཟླ་༨ པའི་ནང་ རིན་བསྡུར་འབད་ནི་གི་ ལས་རིམ་འདུག་ཟེར་ཨིན་པས།
སྔོ་སྨན་ཚུ་ཡང་ སྤྱི་ཟླ་༨ པ་ལས་འགོ་བཙུགས་ཏེ་ ཟླ་༩ པའི་ ཟླ་ཕྱེད་ཚུན་ བསྡུ་བསྒྱོམ་འབད་དོ་ཡོདཔ་ད་ མི་སེར་ཚུ་གིས་ ནང་པའི་སྨན་ཁང་ལུ་ བཙོང་ཐོག་ལས་ ལོ་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་༤༠,༠༠༠ ལས་༡༠༠,༠༠༠ དེ་རེ་ བཟོཝ་ཨིན་ཟེར་ ཀུན་དགའ་འཕྲིན་ལས་ཀྱིས་ བཤད་ཅི།
སོ་ནམ་པ་ འཇིགས་མེད་ཀྱིས་ སླབ་མིའི་ནང་ དབྱར་རྩྭ་དགུན་འབུབ་ཀྱིས་མ་ཚད་པར་ སྔོ་སྨན་ཚུ་ཡང་ ས་ཁ་མཐོ་སའི་ མི་སེར་ཚུ་གི་དོན་ལུ་ འོང་འབབ་གཙོ་ཅན་ཅིག་ཨིནམ་བཞིན་དུ་ ཁྱིམ་གུང་གཅིག་ལས་ མི་ལེ་ཤ་གིས་ བསྡུ་བསྒྱོམ་འབད་ཚུགས་པ་ཅིན་ འོང་འབབ་ཡང་ ལེ་ཤ་བཟོ་ཚུགས་པས་ཟེར་ཨིན་པས།
སྒོ་ནོར་སེམས་ཅན་ འཚོ་སྐྱོང་འཐབ་ད་ ལ་ནོར་ཚུ་ལུ་ ཀླད་པའི་ནད་གཞི་ མགུ་ཡུམ་ཐོབ་སྟེ་ ཤི་རྐྱེན་བྱུངམ་མ་ཚད་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་བའི་ དཀའ་ངལ་ཡོདཔ་ལས་ མི་སེར་མང་ཤོས་ཅིག་གིས་ སྔོ་སྨན་དང་ དབྱར་རྩྭ་དགུན་འབུབ་ བསྡུ་བསྒྱོམ་འབད་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༤༢ ལང་མི་ ལྷཔ་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྔོ་སྨན་ཚུ་ཡང་ ནང་པའི་སྨན་ཁང་གི་མཁོ་མངགས་དང་འཁྲིལ་ཏེ་ བསྡུ་བསྒྱོམ་འབད་དོ་ཟེར་ཨིན་པས།
སྨན་ཚུ་ཡང་ རྒེད་འོག་ནང་ལས་ ཉིན་ལམ་༢ དང་༣ ཀྱི་ས་ཁར་ བསྡུ་བསྒྱོམ་འབད་བར་ འགྱོ་དོ་ཡོདཔ་ད་ རྒེད་འོག་ནང་ ནང་པའི་སྨན་ཁང་ལུ་དགོ་པའི་ སྔོ་སྨན་རིགས་མ་འདྲཝ་ལེ་ཤ་ཐོབ་ཟེར་ཨིན་པས།
ནཱ་རོཔ་ཚུ་གིས་ མང་ཤོས་ར་ སྔོ་སྨན་པུ་ཏི་ཤིང་དང་ ཝང་ལ་ བོང་དཀར་ གཡག་གི་མེ་ཏོག་ གཡུས་སྤེལ་ ཆུ་ཤིང་ཨམ་ བ་ལུ་སུ་ལུ་ལ་སོགས་པ་ཚུ་ བསྡུ་བསྒྱོམ་འབད་དོ་ཨིན་པའི་གནས་ཚུལ།
ནཱ་རོ་ལས་ ཨོ་རྒྱན་རྡོ་རྗེ།