བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ ནཱ་རོ་རྒེད་འོག་གི་ མི་སེར་ཚུ་དང་གཅིག་ཁར་ གྲོས་བསྟུན་གནང་པའི་བསྒང་།

ནཱ་རོཔ་ཚུ་གིས་ རྒེད་འོག་ལྟེ་བའི་འཁོར་ལམ་ སང་ཕོད་ཀྱི་ལོ་ནང་ སེལ་ཚར་བའི་རེ་འདུན།

༉ ཐིམ་ཕུག་རྫོང་ཁག་ ནཱ་རོ་རྒེད་འོག་ལྟེ་བའི་འཁོར་ལམ་ སེལ་ནི་འགོ་བཙུགས་ཏེ་ ལོ་ངོ་མང་རབས་ཅིག་ལང་ཡོད་རུང་ ད་ལྟོའི་བར་ན་ཡང་ སེལ་ཚར་ནི་མེདཔ་ལས་ མི་སེར་ཚུ་ ཚ་གྱང་ལང་སྟེ་ཡོད་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༢༢ ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ རྒེད་འོག་ནང་ གཟིགས་སྐོར་གནང་པའི་སྐབས་ མི་སེར་ཚུ་གིས་ ཞུ་ཡོདཔ་བཞིན་དུ་ འཁོར་ལམ་དེ་ ག་དེ་མགྱོགས་མགྱོགས་ སེལ་གནང་ཟེར་ ཞུ་བ་འབད་ཡི།
ཀི་ལོ་མི་ཊར་༢༨ འབད་མི་ འཁོར་ལམ་དེ་ ཐིམ་ཕུག་རྡོ་གདན་ནང་ལས་ ལམ་སེལ་ལས་ཁུངས་ཀྱིས་ སེལ་ཡོདཔ་བཞིན་དུ་ ད་ལྟོ་ གཞི་རྟེན་གྱི་ལཱ་ ཀི་ལོ་མི་ཊར་༡༧ དེ་ཅིག་ འབད་ཚར་ནུག།
ནཱ་རོཔ་ཚུ་གིས་ བཤད་མིའི་ནང་ གནམ་བྱཱར་གྱི་དུས་ཚོད་ལུ་ འཁོར་ལམ་དེ་གིས་ རྟ་ལམ་ཚུ་ཡང་ འཕྲལ་འཕྲལ་སྦེ་ར་ བསུབས་བཞགཔ་མས་ཟེར་ཨིནམ་ད་ ལས་མི་ཚུ་གིས་ བདུན་ཕྲག་ལས་བཅད་དེ་ ལམ་མ་སེལ་བར་སྡོད་པའི་སྐབས་ དཀའ་ངལ་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།
ནཱ་རོ་རྒཔོ་ དབང་ཕྱུག་གིས་ སླབ་མིའི་ནང་ འཁོར་ལམ་གྱི་དཔག་ཚད་དེ་ ལེགས་ཤོམ་སྦེ་ མ་བལྟ་བར་ གླིང་ཁའི་ས་ཁོངས་ནང་ ཚུད་མི་ལུ་བརྟེན་ གླིང་ཁའི་ཡིག་ཚང་ལུ་ ཐ་ན་ ཉེས་བྱ་ཚུ་ཡང་ བཏབ་ཡོད་པའི་ལོ་རྒྱུས་ཚུ་ གོ་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཁོར་ལམ་དེ་ལུ་བརྟེན་ རྒེད་འོག་གོང་འཕེལ་གྱི་ ལས་སྣ་ཚུ་ལུ་ དཀའ་ངལ་སྦོམ་སྦེ་ར་ ཐོན་ཡོདཔ་ལས་ སང་ཕོད་ཀྱི་ལོ་ནང་ འཁོར་ལམ་དེ་ སེལ་ཚར་བའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ འཁོར་ལམ་དེ་ དུས་ཡུན་ལེ་ཤ་ར་ འགོར་ཡོདཔ་ཨིན་རུང་ འཆར་གཞི་༡༡ པའི་ ནང་འཁོད་ལུ་ར་ སེལ་ཚརཝ་སྦེ་ འབད་ནིའི་རེ་བ་བསྐྱེད་དོ་ཟེར་ཨིན་པས།
འཁོར་ལམ་སེལ་ནི་ལུ་ ཡུན་འགྱངས་ལུས་མི་དེ་ཡང་ ལམ་མང་ཤོས་ར་ བྱག་གཟར་དྲགས་ཚུ་ནང་ལས་ཕར་ སེལ་དགོཔ་ལས་ ལཱ་ཁག་རྐྱབ་མི་ལུ་བརྟེན་ ལམ་གྱི་དཔག་ཚད་ གསརཔ་བཟོ་དགོཔ་ཐོནམ་མ་ཚད་ ས་གནས་དེ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་གླིང་རྒྱལ་ཡོངས་གླིང་ཁའི་ ས་ཁོངས་ནང་ ཚུད་མི་ལུ་བརྟེན་ གླིང་ཁའི་ལམ་ལུགས་དང་འཁྲིལ་ཏེ་ སེལ་དགོཔ་ཐོན་མི་དེ་གིས་ཨིན་ཟེར་ བློན་ཆེན་གྱིས་གསུངས་ཡི།
བློན་ཆེན་གྱིས་ བཤད་མིའི་ནང་ ལམ་དེ་ སེལ་ཚར་བའི་བསྒང་ལས་ རྒེད་འོག་གོང་འཕེལ་གྱི་ ལཱ་འབད་ནི་ལུ་ ལྷན་ཐབས་སྦོམ་སྦེ་ར་ འབྱུང་ཚུགས་ནི་ཨིནམ་མ་ཚད་ གླིང་བཞི་གི་ མི་སེར་ཚུ་ལུ་ཡང་ ཁེ་ཕན་སྦོམ་ཡོད་ཟེར་ཨིན་པས།
བློན་ཆེན་གྱིས་ གྲོས་འཛོམས་སྐབས་ ཨ་ལོ་སྐྱེ་ནི་ཡོད་མི་ ཨམ་སྲུ་ཚུ་གིས་ ཨ་ལོ་སྐྱེ་བར་ སྨན་ཁང་ནང་ འགྱོ་དགོ་ཟེར་ཨིནམ་ད་ མ་གཞི་ གློག་མེ་ལུ་བརྟེན་ གཙང་སྦྲ་བཏོན་དགོཔ་ཨིན་རུང་ རྒེད་འོག་ནང་ གློག་མེའི་མཐུན་རྐྱེན་ཚུ་ཡང་ འཁོར་ལམ་ལྷོད་ཞིནམ་ལས་མ་གཏོགས་ འབད་མི་ཚུགས་ནི་མས་ཟེར་ བློན་ཆེན་གྱིས་གསུངས་ཡི།
ཨིན་རུང་ ད་ལྟོ་ ནཱ་རོ་རྒེད་འོག་གི་ ཁྱིམ་གུང་ག་རའི་ནང་ ཉིན་དྲོད་གློག་མེའི་ མཐུན་རྐྱེན་ཚུ་ ཐོབ་སྟེ་འདུག།
ནཱ་རོ་རྒེད་འོག་ནང་ ཁྱིམ་གུང་བསྡོམས་༦༩ ཡོད་མིའི་གྲས་ལས་ གུང་པ་༤༩ གིས་ སའི་སྐྱིད་སྡུག་ཌིས་༥༠ རེ་ ཐོབ་ཡོདཔ་བཞིན་དུ་ ལ་ལོ་ཅིག་གིས་ ཁྱིམ་ཚུ་ཡང་ རྐྱབ་སྟེ་ཡོད་པའི་ཁར་ འཐུང་ཆུ་ཡང་ བགོ་བཀྲམ་འབད་བའི་བསྒང་འདུག།
རྫོང་ཁག་གཞན་ཁར་བཟུམ་སྦེ་ ནཱ་རོ་རྒེད་འོག་ནང་ གུང་སྟོང་ཕུད་རྡོག་ཅིག་ཡང་ མེདཔ་ཨིན་པས།
གཞུང་གིས་ ད་ལྟོ་ཚུན་ རྒེད་འོག་ནང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༨.༢༣༧ བགོ་བཀྲམ་འབད་མི་ཚུ་ག་ར་ ཟད་འགྲོ་བཏང་ཡོདཔ་བཞིན་དུ་ འཆར་ལོ་༢༠༡༧ དང་༢༠༡༨ ཀྱི་དོན་ལུ་ མ་དངུལ་ས་ཡ་༡.༤༧༠ བགོ་བཀྲམ་འབད་ནུག།
མི་སེར་ཚུ་གིས་ རྟ་ནོར་ཚུ་ རི་དྭགས་སེམས་ཅན་ཚུ་གིས་ བསད་པའི་སྐབས་ རྒུད་འཐུས་ཚད་ཅིག་ལས་བརྒལ་ འཐོབ་ནི་མེདཔ་ལས་ ཡར་སེང་འབད་དགོ་པའི་ཁར་ བར་ཤོང་རྫོང་ ཉམས་གསོ་ཞུ་དགོ་པའི་ གནད་དོན་ཚུ་གི་སྐོར་ལས་ བློན་ཆེན་ལུ་ གསལ་ཞུ་འབད་ཡི།
བར་ཤོང་གཡུས་ཚན་ལས་ སྐྱེས་ལོ་༥༥ ལང་མི་ བསྟན་འཛིན་གྱིས་ བཤད་མིའི་ནང་ རྟ་ནོར་ཚུ་ ཉོ་བའི་སྐབས་ རྟ་རེ་ལུ་ གོང་ཚད་དངུལ་ཀྲམ་༤༠,༠༠༠ དང་༥༠,༠༠༠ དེ་རེ་ སླབ་དོ་ཡོད་རུང་ སེམས་ཅན་ཚུ་གིས་ གནོད་སྐྱོན་རྐྱབ་སྟེ་ ཤི་རྐྱེན་བྱུངམ་ད་ རྒུད་འཐུས་དངུལ་ཀྲམ་༣,༠༠༠ ལྷགཔ་ཅིག་ལས་བརྒལ་ འཐོབ་ནི་མིན་འདུག་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ རྒུད་འཐུས་ཚུ་ སྤྲོད་ནིའི་དོན་ལུ་ གཞི་རྟེན་མ་དངུལ་ཟེར་མི་ཅིག་ གཞི་བཙུགས་འབད་དེ་ཡོདཔ་ལས་ དེ་གིས་ རྒུད་འཐུས་ཚུ་ ཡར་སེང་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ད་རེས་ རྒེད་འོག་ནང་ ཚོང་ཁང་ཕུད་རྡོག་༡ ཡང་མེདཔ་ལས་ གཞུང་གིས་ དུས་ཅི་ར་ སོ་ནམ་ཚོང་ཁང་ཅིག་ གཞི་བཙུགས་འབད་ནིའི་ རེ་བ་ཡོད་ཟེར་ བློན་ཆེན་གྱིས་ གསུངས་ཡོདཔ་བཞིན་དུ་ རྒེད་འོག་ནང་ ད་རེས་ བརྒྱུད་འཕྲིན་གྱི་ ཞབས་ཏོག་ལྷོད་རུང་ ཡོངས་འབྲེལ་མེདཔ་ལས་ རྒེད་འོག་ནང་ དངུལ་ཁང་གཞི་བཙུགས་འབད་མ་ཚུགས་པར་ ཡོད་ཟེར་ཨིན་པས།
བློན་ཆེན་གྱིས་ རྒེད་འོག་ནང་ གཟིགས་ཞིབ་གནངམ་དང་འབྲེལ་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལྟེ་བ་དང་ སྔོ་སྨན་སྐམ་འཕྲུལ་ཁང་ བར་ཤོང་རྫོང་ བླ་མའི་གཟིམ་ཅུང་གསརཔ་ཚུ་ འགོ་འབྱེད་གནང་ཡི།
ནཱ་རོ་རྒེད་འོག་དེ་ ཐིམ་ཕུག་ལས་ ཀི་ལོ་མི་༣༨ ཀྱི་ ས་ཁར་ཨིནམ་བཞིན་དུ་ མི་སེར་༣༠༠ དེ་ཅིག་ཡོད་མི་ཚུ་གིས་ འཚོ་བ་ལ་ནོར་དང་ དབྱར་རྩྭ་དགུན་འབུབ་ལུ་ བརྟེན་སྡོད་དོ་ཡོདཔ་ཨིན་པས།
ད་རེས་ བློན་ཆེན་གྱིས་ ནཱ་རོ་རྒེད་འོག་བརྩིཝ་ད་ རྒེད་འོག་༡༦༣ ནང་ གཟིགས་སྐོར་གནང་ཚར་ཡོདཔ་ ཨིན་པའི་གནས་ཚུལ།

ནཱ་རོ་ལས་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *