༉ སྤྱི་ཟླ་༧ པའི་ཚེས་༢༩ གི་ ཉིན་མའི་ཆུ་ཚོད་༤ དེ་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་གི་བར་ན་ ས་གནས་ནར་ཕུང་ལུ་ ས་རུད་ཆད་མི་ལུ་བརྟེན་ གཞུང་ལམ་གྱི་ཕར་ཚུར་ ཞག་༡ དང་ཉིན་ཕྱེད་ཀྱི་རིང་ སྣུམ་འཁོར་ཐོགས་ལུས་མི་ཚུ་ ཁ་ཙ་ ཉིན་མའི་ཆུ་ཚོད་༡༢ ལས་ བཏང་ཡོདཔ་ཨིན་པས།
ས་རུད་དེ་ཡང་ ནར་ཕུང་ཁྲོམ་ལས་ ཡར་བལྟ་སྟེ་ ཀི་ལོ་མི་ཊར་དག་པ་ཅིག་གི་ས་གནས་ ཧིན་དྷུ་མཱན་དིར་གྱི་ ཉེ་འདབས་ལུ་ ཆད་ཡོདཔ་བཞིན་དུ་ དེ་བསྒང་ མཱན་དིར་གྱི་ དཀོན་གཉེར་སྡོད་སའི་ སྦ་སྒོར་དེ་ཡང་ ས་རུད་ཀྱིས་ འཕྱགས་བདའ་ནུག།
སྐྱེས་ལོ་༨༠ ལང་མི་ དཀོན་གཉེར་གྱིས་ སླབ་མིའི་ནང་ ས་རུད་ཀྱིས་ སྦ་སྒོར་དང་སྦྲགས་ ཁོ་རའི་གསོག་འཇོག་ དངུལ་རྐྱང་༦༠,༠༠༠ དང་ དངུལ་ཀྲམ་༨༠,༠༠༠ དེ་ཅིག་གནས་པའི་ ཅ་ཆས་ཚུ་ག་ར་ འཕྱགས་བདའ་ཡོདཔ་ཨིན་རུང་ ཁོ་ལུ་ གནོད་སྐྱོན་མ་བྱུང་པར་ དྲག་ཅི་ཟེར་ཨིན་པས།
ས་ཁོངས་དེ་ནང་ དཀོན་གཉེར་འབད་དེ་ ལོ་༣༠ ལང་མི་དེ་གིས་འབད་བ་ཅིན་ བྱུང་རྐྱེན་གྱི་སྐབས་ ཁོ་ར་ སྦ་སྒོར་ནང་ སྡོད་ཡོདཔ་ཨིན་རུང་ རྡོ་བུད་དོ་བཟུམ་མའི་ སྐད་གོ་སྟེ་ ཕྱི་ཁར་ཐོན་ལྟཝ་ད་ ས་རུད་ཆད་སར་ མཐོང་མི་ལུ་བརྟེན་ མཱན་དིར་ཁ་ཐུག་ལུ་ བྱོག་སོང་ཡི་ཟེར་ཨིནམ་ད་ དེ་མེན་ ཁོ་ར་ཡང་ ས་རུད་ཀྱིས་ འཕྱགས་བདའ་ཡར་སོཔ་འོང་ཟེར་ སླབ་ཨིན་པས།
དཀོན་གཉེར་དེ་ ད་ལྟོ་ ཌཱན་ཊག་ལས་འགུལ་གྱི་ ལས་མི་ཚུ་དང་གཅིག་ཁར་ སྡོད་དོ་ཡོདཔ་ཨིན་པས།
ས་རུད་ཆད་པའི་ཤུལ་ལས་ ཌཱན་ཊག་ལས་འགུལ་གྱི་ ལས་མི་ཚུ་གིས་ ཚ་ངེར་བཏོན་ཏེ་ ལམ་སེལ་མི་དེ་ཡང་ ས་ཁོངས་དེ་ནང་ ཐོགས་ལུས་མི་ སྣུམ་འཁོར་གྱི་ དེད་གཡོགཔ་དང་ ལམ་འགྲུལཔ་ཚུ་ ཉལ་ས་དང་ བཞེས་སྒོ་ག་ནི་ཡང་མེད་པར་ ཞག་༡ སྡོད་དགོཔ་ ཐོན་ཡོད་མི་ལུ་བརྟེན་ཨིན་པས།
ལམ་དེ་ ད་རིས་ ལེགས་ཤོམ་སྦེ་ སེལ་ནི་ཨིནམ་ད་ ས་རུད་ཆད་དེ་ ཆུ་ཚོད་༡ གི་རྒྱབ་ལས་ ས་ཁོངས་དེ་ནང་ལྷོད་མི་ སྐྱེས་ལོ་༣༥ ལང་མི་ སངས་རྒྱས་དང་ གཞན་ཚུ་གིས་ སླབ་མིའི་ནང་ དེ་བསྒང་ ཌཱན་ཊག་ལས་འགུལ་གྱིས་ འཁོར་ལམ་སེལ་ནི་མེད་པའི་ཁར་ ལོག་འགྱོ་ནིའི་ མནོ་བསམ་བཏང་རུང་ རྟིང་བདའ་སྣུམ་འཁོར་༡༠༠ ལས་བཅད་དེ་ གྱལ་ནང་ཡོད་མི་ལུ་བརྟེན་ ས་ཁོངས་དེ་ནང་ར་ སྡོད་དགོཔ་ཐོན་ཡི་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ས་རུད་ཆད་པའི་སྐབས་ ཆརཔ་ག་ཅི་ཡང་ རྐྱབ་སྟེ་མེདཔ་ལས་ གནད་དོན་ག་ཅི་ལུ་བརྟེན་ ཆད་ཡོདཔ་ཨིན་ན་ ཤེས་རྟོགས་མེད་རུང་ གཞུང་ལམ་རྒྱ་བསྐྱེད་འབད་བའི་བསྒང་ཡོད་མི་དེ་གིས་ འོང་ནི་མས་ཟེར་ཨིན་པས།
སྐྱེས་ལོ་༢༤ ལང་མི་ བཅོ་ལྔ་གིས་ སླབ་མིའི་ནང་ ལམ་དེ་ སྣུམ་འཁོར་ཤོངམ་ཅིག་ སེལ་ཡོདཔ་ལས་ དོ་འབག་མི་ སྣུམ་འཁོར་ཊག་ཚུ་ ཡར་འཛེགས་མི་ཚུགས་པའི་ དཀའ་ངལ་དང་ སྣུམ་འཁོར་ཚུ་ཡང་ འོག་ལས་བརྡུངམ་མས་ཟེར་ཨིན་པའི་གནས་ཚུལ།
ནར་ཕུང་ལས་ སྐལ་བཟང་དབང་ཕྱུག།