ནར་ཕུང་གི་ལྟག་ལུ་ གཞུང་ལམ་བསུབས་མི་དེ་ སེལ་བའི་བསྒང་།

ནར་ཕུང་ལུ་ གཞུང་ལམ་བསུབས་མི་དེ་ བསལ་ཚར་རུང་ ལོག་བསུབ་ཉེན་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ ནར་ཕུང་གི་ལྟག་ལུ་ གཞུང་ལམ་བསུབས་ཡོད་མི་དེ་ ཁ་ཙ་ ཉིན་མའི་ཆུ་ཚོད་༣ དེ་ཅིག་ཁར་ བསལ་ཚར་རུང་ ཆརཔ་རྒྱུན་མ་ཆད་པར་རྐྱབ་པ་ཅིན་ ད་རུང་ ལོག་བསུབ་ནིའི་ ཉོན་ཁ་འདུག་ཟེར་ རྒྱུན་འགྲུལ་འཐབ་མི་ཚུ་གིས་ བཤདཔ་ཨིན་པས།
གཞུང་ལམ་དེ་ཡང་ སྤྱི་ཟླ་༧ པའི་ཚེས་༩ གྱི་ ཕྱི་རུ་ཁམས་ཅིག་ཁར་ ཆརཔ་ཤུགས་སྦེ་རྐྱབ་མི་ལུ་བརྟེན་ བསམ་གྲུབ་ལྗོངས་མཁར་ལས་ བཀྲིས་སྒང་ཁ་ཐུག་ ཀི་ལོ་མི་ཊར་༦༡ དང་༦༩ གི་བར་ན་ ས་ཁོངས་ཁག་ལེ་ཤ་ཅིག་ནང་ར་ བསུབས་ཡོདཔ་ལས་ ཁ་ཙ་ མི་མང་སྐྱེལ་འདྲེན་བཱསི་ཚུ་ཡང་ འགྱོ་མ་ཚུགས་པས།
རྒྱུན་འགྲུལ་འཐབ་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཞུང་ལམ་དེ་ཁར་ ས་ཁོངས་ཁག་༣ དེ་ཅིག་ནང་ སྦོམ་སྦེ་ར་ བསུབས་ཡོདཔ་མ་ཚད་ ཆར་ཆུ་གིས་ རྡོ་རུ་ལ་སོགས་པ་ཚུ་ འཕྱགས་འབག་འོང་མི་ལུ་བརྟེན་ ས་ཁོངས་ལེ་ཤ་ཅིག་ནང་ བསུབས་ནུག་ཟེར་ཨིན་པས།
ཊཱག་དེད་གཡོགཔ་ སེངྒེ་གིས་ སླབ་མིའི་ནང་ དུས་རྒྱུན་དུ་ པདྨ་དགའ་ཚལ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ རྡོ་དཀར་སྐྱེལ་འདྲེན་འཐབ་དོ་ཡོདཔ་བཞིན་དུ་ ལས་སྡེའི་ཚད་གཞི་དང་འཁྲིལཝ་ད་ ཟླཝ་༡ ནང་ རྡོ་དཀར་ཉུང་ཤོས་དོ་༡༥ ལྷོད་དགོ་མི་ལུ་བརྟེན་ གཞུང་ལམ་བསུབས་མི་དེ་གིས་ གནོདཔ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཧེ་མ་བཟུམ་སྦེ་ དོ་ཚད་ལས་བརྒལ་ འབག་ནི་མེད་པའི་ཁར་ འདས་པའི་ཟླཝ་ནང་ གཞུང་ལམ་ཚར་ལེ་ཤ་བསུབས་ཡོད་མི་ལུ་བརྟེན་ རྡོ་དཀར་དོ་༡༠ ལྷགཔ་ཅིག་ལས་ སྐྱེལ་འདྲེན་འབད་མ་ཚུགས་ནི་དེ་གིས་ རྒུད་ཕོག་ཡོདཔ་མ་ཚད་ ད་རེས་ཀྱི་ ཟླཝ་ནང་ཡང་ ལཱ་ཁག་གཏང་ནི་མས་ཟེར་ཨིན་རུང་ དེ་ཚུ་ རང་བཞིན་གྱི་ རྐྱེན་ངན་ཅིག་འབདཝ་ལས་ ཐབས་མིན་འདུག་ཟེར་ཨིན་པས།
ཊཱག་དེད་གཡོགཔ་གཞན་ཚུ་གིས་ སླབ་མིའི་ནང་ གཞུང་ལམ་བསུབས་མི་དེ་ ཁ་ཙ་ ཉིན་མའི་ཆུ་ཚོད་དེ་ཅིག་ཁར་ བསལ་ཚུགས་ཏེ་ སྣུམ་འཁོར་རྒྱུན་འགྲུལ་ཚུ་ འཐབ་བཅུག་ཅི་ཟེར་ཨིན་རུང་ ཆརཔ་མ་ཆད་པར་ ནུབམོ་༡ རྐྱབ་པ་ཅིན་ ལོག་བསུབ་ནིའི་ ཉེན་ཁ་སྦོམ་ འདུག་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ གཞུང་ལམ་གྱི་ལྟག་ལས་ རྡོ་འབུད་འོང་ནིའི་ ཉེན་ཁ་ཡང་ སྦོམ་འདུག་ཟེར་ཨིན་རུང་ རྡོ་དཀར་སྐྱེལ་འདྲེན་འབད་ཐོག་ བཟའ་ཚང་ཚུ་ སྐྱོང་དོ་ཡོད་མི་ལུ་བརྟེན་ ཚེ་སྲོག་ཉེན་ཁ་གུ་བཀལ་ཏེ་ ཐབས་ར་མེད་པར་ འགྲོ་འགྲུལ་འབད་དགོ་པས་ཟེར་ཨིན་པས།
ཌཱན་ཊག་ལས་འགུལ་གྱི འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལས་མི་ཚུ་གིས་ འཁོར་ལམ་བསུབས་མི་ཚུ་ ག་དེམ་ཅིག་ བསལ་དོ་ཡོད་རུང་ ཆརཔ་མ་ཆད་པར་ རྐྱབ་དོ་ཡོད་མི་དེ་གིས་ ད་རུང་ ལོག་བསུབ་དོ་ཡོད་པའི་ གདོང་ལེན་ཚུ་ བྱུངམ་མས་ཟེར་ཨིན་རུང་ རྩ་འགེངས་བསལ་དོ་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ གཞུང་ལམ་དེ་ ད་ལྟོ་ རྒྱ་སྐྱེད་འབད་བའི་བསྒང་ཡོད་ནི་དེ་གིས་ སའི་གཞི་འགྱམ་ཚུ་ སྒྲིང་སྒྲི་མེད་མི་ལུ་བརྟེན་ རྡོ་འབུད་ཉེན་ཡོདཔ་ལས་ ལས་མི་ཚུ་གི་ ཚེ་སྲོག་ལུ་ཡང་ ཉེན་ཁ་ཡོདཔ་མ་ཚད་ མི་ཚུ་གིས་ཡང་ འབྲེལ་ཡོད་འགོ་དཔོན་ཚུ་ལས་ གཞུང་ལམ་གྱི་ གནས་སྟངས་སྐོར་ བརྡ་དོན་ལེན་པའི་ཤུལ་ལུ་ འགྲོ་འགྲུལ་འབད་དགོཔ་ཁག་ཆེ་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *