ས་གནས་ནམ་གླིང་ལུ་ ས་རུད་ཀྱིས་ གཞུང་ལམ་འཕྱགས་བདའ་མིའི་མཐོང་སྣང་།

ནམ་གླིང་ལུ་ ས་རུད་ཆད་དེ་ ཤར་_ནུབ་ཀྱི་ གཞུང་ལམ་བསུབས་ཡོདཔ།

༉ མོང་སྒར་གླིང་མེད་ཐང་ ལུང་ཕྱོགས་ལམ་སེལ་ལས་ཁུངས་ཡིག་ཚང་དང་འཁྲིལཝ་ད་ ས་གནས་ནམ་གླིང་ལུ་ ས་རུད་ཆད་མི་ལུ་བརྟེན་ མོང་སྒར་དང་ བུམ་ཐང་བར་ནའི་ གཞུང་ལམ་མཐུད་སྦྲེལ་མེདཔ་ལས་ འཁོར་ལམ་དེ་ ནམ་བསལ་ཚུགས་ནི་ཨིན་ན་ ད་ལྟོ་ གཏན་འཁེལ་མེདཔ་ཨིན་པས།

ལུང་ཕྱོགས་ཡིག་ཚང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལམ་ཆད་སའི་ས་ཁོངས་དེ་ བུམ་ཐང་དང་ མོང་སྒར་ཕྱོགས་༢ ཆ་རའི་ཁ་ཐུག་ལས་ སེལ་བའི་བསྒང་ཡོད་རུང་ ཆརཔ་མ་ཆད་པར་རྐྱབ་མི་ལུ་བརྟེན་ ས་རུད་འཕྲོ་མཐུད་དེ་ར་ ཆད་འོང་ནི་དེ་གིས་ ལཱ་འབད་ནི་ལུ་ ཐོ་ཕོག་དོ་ཡོད་པའི་ཁར་ འགོ་ཐོག་འབད་བ་ཅིན་ ཉིནམ་༣ གྱི་ནང་འཁོད་ལུ་ སེལ་ཚུགས་པའི་ ཚོད་དཔག་འབད་ཡོད་རུང་ ད་ལྟོའི་ གནམ་གཤིས་གནས་སྟངས་དང་ ས་གནས་ཀྱི་ གནས་སྟངས་དང་འཁྲིལ་ ནམ་སེལ་ཚར་འོང་ག་ སླབ་མི་ཤེས་པས་ཟེར་ཨིན་པས།

ཨིན་རུང་ ལམ་སེལ་ལས་ཁུངས་ཀྱིས་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་ཚུགསཔ་བཟོ་ནིའི་དོན་ལུ་ ཐབས་ཤེས་ཚུ་ བཏོན་ཏེ་ ལཱ་རྩ་འགེངས་འབད་དོ་ཡོདཔ་ཨིན་པས།

ཤར- ནུབ་ཀྱི་གཞུང་ལམ་དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༡༤ གི་ཕྱི་རུ་ ས་རུད་སྦོམ་སྦེ་ ཆད་འོང་མི་ལུ་བརྟེན་ འཁོར་ལམ་བསུབས་ཡོདཔ་ལས་ གཞུང་ལམ་བདའ་སྟེ་ འགྲོ་འགྲུལ་འབད་མི་ མི་མང་སྐྱེལ་འདྲེན་བཱསི་ཚུ་བརྩིས་ཏེ་ སྣུམ་འཁོར་བརྒྱ་ལས་བཅད་ ཐོགས་ལུས་པའི་ཁར་ འགྲུལ་མི་ཚུ་ མོང་སྒར་དང་ བུམ་ཐང་ཁ་ཐུག་ལུ་ རྐང་སྟོང་སྦེ་ སོང་ཡོདཔ་མ་ཚད་ འགྲུལ་པ་ལ་ལོ་ཅིག་ འབྲེལ་ཡོད་ལས་སྡེ་ཚུ་གིས་ རྒྱབ་སྐྱོར་ཐོག་ རང་སོའི་ས་ཁོངས་ནང་ བསྐྱལ་ཡོདཔ་ཨིན་པས། 

འཁོར་ལམ་དེ་ཡང་ ནམ་གླིང་རྒྱལ་ཡོངས་ལས་མིའི་ སྡོད་སྒར་ས་ཁོངས་ལས་ མོང་སྒར་ཁ་ཐུག་ལུ་ ཀི་ལོ་མི་ཊར་ ཕྱེད་དང་༣ དེ་ཅིག་གི་ས་ཁར་ རྒྱ་ཚད་མི་ཊར་༣༠༠ འབད་མི་ འཁོར་ལམ་དེ་ ཤུལ་ར་མེདཔ་སྦེ་ ས་རུད་ཀྱིས་ འཕྱགས་བདའ་ཡོདཔ་ཨིན་པས།

ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ ས་གནས་ཁར་ ཐོགས་ལུས་མི་ ཤར་_ ནུབ་ཀྱི་ མི་མང་སྐྱེལ་འདྲེན་བཱསི་༡༥  རྒྱལ་པོའི་ཞིང་- ངང་ལམ་གཞུང་ལམ་ལས་སྦེ་ པཱན་སྦང་བརྒྱུད་དེ་ རང་སོའི་ས་ཁོངས་ནང་ལྷོད་ནི་ལུ་ གྲོགས་རམ་འབད་ཡོདཔ་ཨིན་པས།

དེ་ཡང་ ནད་ཡམས་ཀོ་བིཌ་གི་ སྒྲིག་གཞི་དང་འཁྲིལ་ དབང་འཛིན་གྱིས་ ཉེན་ཁ་ཅན་གྱི་ས་ཁོངས་ནང་ འགྲོ་འགྲུལ་འབདཝ་ད་ སྲུང་སྐྱོབ་སྐྱེལ་མ་དང་སྦྲགས་ ཇི་པི་ཨེསི་འཕྲུལ་ཆས་ ལག་ལེན་འཐབ་ཐོག་ལས་ འགྲུལ་བསྐྱོད་འབད་ཡོདཔ་ཨིན་པས།

དེ་དང་གཅིག་ཁར་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ ནམ་གླིང་གི་ གཞུང་ལམ་སེལ་མ་ཚར་ཚུན་ མི་མང་སྐྱེལ་འདྲེན་བཱསི་ཚུ་ གནས་སྐབས་ཅིག་གི་རིང་ སྐྱེལ་འདྲེན་འབད་ནི་ལས་ མཚམས་འཇོག་འབད་བཞག་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *