ནདཔ་ཤི་རྐྱེན་བྱུང་མི་དེ་ སྣང་མེད་བཞག་མི་ལུ་བརྟེན་མེན་པའི་མངོན་གསལ།

ཨིན་རུང་ ཚེ་འདས་ཀྱི་ ཕོ་རྒནམ་གིས་ སྒྲིག་གཡོག་ནང་ཡོད་མི་ དྲུང་འཚོ་དང་ སྨན་གཡོགམོ་ཚུ་ལུ་ ངོས་ལེན་འབད་ནིའི་དོན་ལུ་ ཆེ་མཐོའི་དབང་འཛིན་ལུ་ བཅར་ནི་ཟེར་ བཤདཔ་ཨིན་པས།

༉ སྤྱི་ཟླ་༤ པའི་ཚེས་༡༣ ལུ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ནདཔ་ཅིག་གི་ཕོཝ་ གཤག་བཅོས་འབད་བའི་ཤུལ་ལས་ ཤི་རྐྱེན་བྱུང་མི་དེ་ དེ་བསྒང་ སྒྲིག་གཡོག་ནང་ཡོད་མི་ གསོ་བའི་ལས་བྱེདཔ་ཚུ་གི་ སྣང་མེད་ལུ་བརྟེན་ཨིན་ཟེར་ ཚེ་འདས་ཀྱི་ ཕོ་རྒནམ་གིས་ ཉོགས་བཤད་བཀོད་མི་དེ་ལུ་ སྨན་ཁང་གི་ ཞིབ་དཔྱད་སྡེ་ཚན་གྱིས་ བདེན་པ་མེད་ལུགས་བཀོད་ནུག།
དེ་ཡང་ ཞིབ་དཔྱད་སྙན་ཞུ་ནང་ ནདཔ་དེ་ དོན་ཧིང་དང་འབྲེལ་བའི་ ན་ཚ་དང་ ཡང་ཅིན་ དོན་ཧིང་འཕར་ཤུགས་ཆད་མི་ལུ་བརྟེན་ ཤི་རྐྱེན་བྱུང་ཡོདཔ་ འོང་ནི་མས་ཟེར་བཀོད་ནུག།
དར་དཀར་ནང་ བཙན་མདའ་སྒང་རྒེད་འོག་ལས་ སྐྱེས་ལོ་༣༥ ལང་མི་ བ་ལི་མཱམ་ར་ན་དེ་ སྤྱི་ཟླ་༤ པའི་ཚེས་༡༡ ལུ་ སྤ་རོ་ལུ་ ཁོ་ར་ལཱ་འབད་སའི་ ས་ཁོངས་ནང་ ཤིང་དུམ་ཅིག་གིས་ ཁོ་རའི་ ཕོ་ཅུམ་གུ་ཕོག་སྟེ་ གནོད་སྐྱོན་བྱུང་ཡོདཔ་ད་ ཚེ་འདས་དེ་ སྤ་རོ་ལུ་ ཤིང་བཟོ་བོ་སྦེ་ ལཱ་འབད་མི་ཅིག་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༡༢ ལུ་ ནདཔ་དེ་ སྤ་རོ་སྨན་ཁང་ལས་ ཐིམ་ཕུག་གཙོ་བསྟེན་སྨན་ཁང་ནང་ བཏང་པའི་ཤུལ་ལས་ དེ་ཚེ་ར་ ཉིན་མའི་ཆུ་ཚོད་༢ དེ་ཅིག་ཁར་ གཤག་བཅོས་ཁང་ནང་ བསྐྱལ་ཡོདཔ་བཞིན་དུ་ ཕྱི་རུའི་ཆུ་ཚོད་༦ དེ་ཅིག་ཁར་ གཤག་བཅོས་འབད་ཡོདཔ་ཨིན་པས།
ཚེ་འདས་ཀྱི་ ཕོ་རྒནམ་གིས་འབད་བ་ཅིན་ གཤག་བཅོས་འབད་ཚར་བའི་ཤུལ་ལུ་ ནདཔ་དེ་ བལྟ་མི་ཌོག་ཊར་ཅིག་ཡང་མེད་པར་ དྲོ་པའི་ཚུ་ཚོད་༣.༣༠ ལུ་ གྱོངས་སོ་ཡི་ཟེར་ཨིན་པས།
དེ་འབདཝ་ལས་ ཚེ་འདས་ཀྱི་ཕོ་རྒནམ་ ཇིཊ་བྷ་དུར་ ར་ན་གིས་ ཁོ་རའི་ནདཔ་དེ་ ཊོག་ཊར་དང་ སྨན་གཡོགམོ་ཚུ་གིས་ སྣང་མེད་སྦེ་བཞག་སྟེ་ ཤི་རྐྱེན་བྱུང་ཡོད་ལས་ ཞིབ་དཔྱད་འབད་དགོ་སྦེ་ སྨན་ཁང་གི་གཙོ་འཛིན་ ལྷངཔ་རྡོ་རྗེ་ལུ་ ཉོགས་བཤད་ཡི་གུ་བཙུགས་ནུག།
ཁོ་གིས་ སྨན་ཁང་ལུ་ ཉོགས་བཤད་ཡིག་གུ་བཙུགས་ཏེ་ ཟླཝ་༡ གི་ཤུལ་ལས་ སྨན་ཁང་གིས་ ཞིབ་དཔྱད་འབད་དེ་ སྨན་ཁང་གི་གཙོ་འཛིན་ ལྷགཔ་རྡོ་རྗེ་གིས་ སྤྱི་ཟླ་༥ པའི་ཚེས་༣༡ ལུ་བྲིས་མི་ ཡི་གུ་གུ་ མིང་རྟགས་བཀོད་དེ་ ཉོགས་བཤད་བཀོད་མི་ ཚེ་འདས་ཀྱི་ ཕོ་རྒནམ་ལུ་ སྤྱི་ཟླ་༦ པའི་ཚེས་༥ ལུ་ སྤྲོད་ཡོདཔ་ཨིན་པས།
སྨན་ཁང་གིས་ སྤུས་ཚད་ངེས་བརྟན་དང་ གནས་ཚད་སྡེ་ཚན་གྱི་ ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ ཚེ་འདས་དེ་ གློ་བུར་དུ་དང་ སྨན་བཅོས་འབད་ཐབས་མེད་མི་ དེ་ལས་ ཕོ་ཅུམ་གྱི་ དཀའ་རྙོགས་ཚུ་ལུ་བརྟེན་ ཤི་རྐྱེན་བྱུང་ནུག་ཟེར་ཨིནམ་ད་ དེ་བཟུམ་མའི་ དཀའ་རྙོགས་བྱུངམ་ད་ དོན་ཧིང་འཕར་ནི་ ཆད་སོང་མི་ལུ་བརྟེན་ ཤི་སོཔ་བཟུམ་ཅིག་འདུག་ཟེར་བཀོད་ནུག།
ཨིན་རུང་ ཇིཊ་བྷ་དུར་ར་ན་གིས་ ཞིབ་དཔྱད་སྙན་ཞུ་དེ་ལུ་ ཡིད་ཆེས་འདྲོངས་མ་ཚུགསཔ་ལས་ སྒྲིག་གཡོག་ནང་ཡོད་མི་ ཌོག་ཊར་དང་ སྨན་གཡོགམོ་ཚུ་ལུ་ འགན་འཁྲི་བཀལ་ནིའི་དོན་ལུ་ འབྲུག་གསོ་བ་དང་འཕྲོད་བསྟེན་ཚོགས་སྡེ་ལུ་ མཐོ་གཏུགས་འབད་ནི་ཟེར་ བཤདཔ་ཨིན་པས།
སྨན་ཁང་གིས་ བཤད་མིའི་ནང་ ནདཔ་དེ་ གཤག་བཅོས་འབད་བའི་ཤུལ་ལས་ ནདཔ་གི་ཁྲག་ཤུགས་དང་ གནས་སྟངས་གཞན་ གསང་ཆབ་ལ་སོགས་པ་ ལེགས་ཤོམ་ཡོདཔ་ལས་ སྒྲིག་གཡོག་ནང་སྡོད་མི་ གསོ་བའི་ལས་བྱེདཔ་ཚུ་གིས་ ཞིབ་དཔྱད་འཕྲོ་མཐུད་མ་རྐྱབ་པའི་ཁར་ ཚབས་ཆེན་གྱི་ སྡེ་ཕྲན་ནང་ཡང་ སྤོ་སོར་མ་འབད་བས་ཟེར་ཨིན་པས།
ཨིན་རུང་ ཇིཊ་བྷ་དུར་ར་ན་གིས་འབད་བ་ཅིན་ ནུ་གཅུང་གི་ གནས་སྟངས་དེ་ སྐྱོ་དྲགས་སྦེ་ འགྱོ་བའི་སྐབས་ སྒྲིག་གཡོག་ནང་སྡོད་མི་ སྨན་གཡོགམོ་ཚུ་ལུ་ ཊོག་ཊར་ལུ་ སྙན་ཞུ་འབད་གནང་ཟེར་ སླབ་ཡོདཔ་ཨིན་རུང་ ཌོག་ཊར་དེ་ གནད་དོན་ག་ཅི་ལུ་བརྟེན་ འོང་མ་བཏུབ་ཨིན་ན་ ཧ་གོ་མ་ཚུགས་ཟེར་ཨིན་པས།
སྨན་ཁང་གི་ནདཔ་ཚུ་ སྣང་མེད་ཐོག་ལུ་ ཤི་རྐྱེན་འབྱུང་པ་ཅིན་ ང་བཅས་རའི་མི་ཚུ་ སྨན་ཁང་ནང་ འགྱོ་ནི་ལུ་ཡང་ འདྲོག་ནི་མས་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ནདཔ་གི་གནས་སྟངས་དེ་ ཚབས་ཆེན་ཡོད་པ་ཅིན་ ག་ཅི་སྦེ་ ཚབས་ཆེན་སྡེ་ཕྲན་ནང་ མ་སྐྱེལཝ་ཨིན་ན་ཟེར་ཨིནམ་ད་ མ་གཞི་ དེ་བསྒང་ སྒྲིག་གཡོག་ནང་ སྨན་གཡོགམོ་ཡོད་རུང་ ཁོང་ཆ་ཁྱབ་ གནག་དུང་དུ་ཡོད་མི་ ཁང་མིག་ཅིག་ནང་ ཉལ་ཡོདཔ་ལས་ ཁོ་རའི་ འགྲུལ་འཕྲིན་གྱི་ འཕྲུལ་མེ་བཏེགས་ཐོག་ལས་ འཚོལ་དགོཔ་ བྱུང་ཡི་ཟེར་ བཤདཔ་ཨིན་པས།
སྨན་ཁང་གིས་འབད་བ་ཅིན་ ཚེ་འདས་ལུ་ དེ་འཕྲོ་ལས་ གཤག་བཅོས་འབད་བའི་ཤུལ་ལས་ ཁྲག་ཡུ་ནིཊ་༢ བཙུགས་ཡོདཔ་ཨིན་རུང་ ཁོ་གིས་འབད་བ་ཅིན་ ཁྲག་ཡུ་ནིཊ་༡ ལས་བརྒལ་ མ་བཙུགས་ཟེར་ཨིན་པས།
སྨན་ཁང་གི་ ནདཔ་ཐོ་བཀོད་དང་འཁྲིལཝ་ད་ ཚེ་འདས་ནདཔ་དེ་ གཤག་བཅོས་འབད་བའི་ཤུལ་ལས་ ལེགས་ཤོམ་སྦེ་ར་ ལྟ་རྟོག་འབད་ནུག་ཟེར་ཨིན་པས།
སྤ་རོ་སྨན་ཁང་གིས་ ནདཔ་གི་གནས་སྟངས་ ལེགས་ཤོམ་སྦེ་ ཧ་གོ་སྟེ་ དུས་ཚོད་ཁར་ ཐིམ་ཕུག་སྨན་ཁང་ནང་ བསྐྱལ་ཡོད་པ་ཅིན་ སྲོག་སྐྱབས་འབད་ཚུགས་ཚུགསཔ་འོང་ཟེར་ ཇིཊ་བྷ་དུར་ ར་ན་གིས་འབད་བ་ཅིན་ ནདཔ་དེ་ སྤྱི་ཟླ་༤ པའི་ཚེས་༡༡ ལུ་ སྤ་རོ་སྨན་ཁང་ནང་ སོང་པའི་སྐབས་ ཊོག་ཊར་ཚུ་གིས་ སྨན་དག་པ་ཅིག་བྱིན་ཏེ་ ལོག་ཁྱིམ་ནང་ བཏང་ནུག་ཟེར་ཨིན་པས།
དེ་གི་ནངས་པར་ ནདཔ་དེ་གིས་ ཆབ་གསང་བཏང་མ་ཚུགས་པར་ ལཱ་ཁག་བཏང་ཡོདཔ་ལས་ ཚེ་འདས་ཀྱི་ སྤུན་ཆ་ཚུ་གིས་ ཊོག་ཊར་ལུ་ ཐིམ་ཕུག་སྨན་ཁང་ནང་ གཏང་གནང་ཟེར་ ཞུ་བའི་ཤུལ་ལུ་ བཏང་ཡི་ཟེར་ཨིན་པས།
གཙོ་འཛིན་ལྷགཔ་རྡོ་རྗེ་གིས་ སླབ་མིའི་ནང་ ཞིབ་དཔྱད་དེ་ཡང་ ཁྱད་རིག་དང་ལྡནམ་སྦེ་ འབད་ཡོདཔ་ལས་ ཇིཊ་བྷ་དུར་ར་ན་ ཁོ་ར་ བསམ་པ་མ་རྫོགས་པ་ཅིན་ ག་ཏེ་བསྐྱལ་རུང་ བསྐྱལ་ནི་མས་ཟེར་ཨིན་པས།
གཙོ་འཛིན་གྱིས་འབད་བ་ཅིན་ ནདཔ་དེ་ ཐིམ་ཕུག་སྨན་ཁང་ནང་ ལྷོད་པའི་སྐབས་ གནས་སྟངས་སྐྱོ་དྲགས་ཡར་སོང་ནུག་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *