ཐིམ་ཕུག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་།

ནདཔ་ཚུ་ཌོག་ཊར་ཚུ་དང་འཕྱད་ནིའི་དོན་ལུ་ དུས་ཡུན་རིངམོ་སྦེ་ སྒུག་སྡོད་དགོ་མི་ལུ་ངོས་ལེན།

༉ ལས་འབྲེལ་རྩིས་ཞིབ་དབང་འཛིན་གྱི་ སྙན་ཞུ་དང་འཁྲིལཝ་ད་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ནདཔ་ཚུ་གིས་ ཌོག་ཊར་ཚུ་དང་འཕྱད་ནི་ལུ་ དུས་ཡུན་རིངམོ་སྦེ་ར་ བསྒུག་སྡོད་དགོཔ་ ཐོནམ་མས་ཟེར་ཨིནམ་ད་ གསོ་བའི་སྡེ་འཛིན་ ཌོག་ཊར་མགོ་གསར་སྤེན་པ་གིས་ ད་ལས་ཕར་ ཌོག་ཊར་ཚུ་གིས་ སྨན་ཁང་ནང་ དུས་ཚོད་ཁར་འོང་དགོཔ་མ་ཚད་ དུས་ཚོད་ཁར་ སྨན་ཁང་ནང་ལས་ འགྱོ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
ལས་འབྲེལ་རྩིས་ཞིབ་སྙན་ཞུ་དང་འཁྲིལཝ་ད་ སྨན་ཁང་གི་ ཌོག་ཊར་ཚུ་གིས་ དྲོ་པ་སྨན་ཁང་ནང་ དུས་ཚོད་ཕྱིས་ཏེ་འོང་མི་དང་ ཕྱི་རུ་སྨན་ཁང་གི་ དུས་ཚོད་མཇུག་མ་བསྡུ་བའི་ཧེ་མ་ལས་ ཁྱིམ་ནང་འགྱོཝ་མས་ཟེར་ཨིན་པས།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ དབྱེ་དཔྱད་འབད་མི་དང་འཁྲིལཝ་ད་ ཕྱི་སྡོད་ནད་པའི་ལས་ཁུངས་ནང་ སྤྱིར་སྙོམས་ལུ་ ནདཔ་ཚུ་ དུས་ཡུན་སྐར་མ་༤༥ གི་རིང་ ཕྱི་ཁར་སྒུག་སྡོད་དོ་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།
སྨན་བཅོས་དོན་ལུ་ ནདཔ་ཚུ་ སྤྱིར་སྙོམས་དུས་ཡུན་ཆུ་ཚོད་༡ དང་ སྐར་མ་༣༨ དེ་ཅིག་ བསྒུག་དགོཔ་ཐོནམ་མས་ཟེར་ཨིན་པས།
མ་གཞི་ ལོ་ལྔའི་འཆར་གཞི་༡༡ པའི་ དམིགས་གཏད་དང་འཁྲིལཝ་ད་ ཕྱི་སྡོད་ནད་པའི་ ལས་ཁུངས་ཀྱིས་ ནདཔ་ཚུ་ ཕྱི་ཁར་སྒུག་སྡོད་ནིའི་ དུས་ཚོད་དེ་ སྤྱིར་སྙོམས་ལུ་ སྐར་མ་༣༠ཚུན་ཚོད་རྐྱངམ་གཅིག་ བསྒུག་དགོཔ་འཐོན་འོང་ཟེར་ཨིན་པས།
ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༥ ལུ་ ཕྱི་སྡོད་ནད་པའི་ལས་ཁུངས་ཀྱི་ ལས་འབྲེལ་རྩིས་ཞིབ་དབང་འཛིན་གྱི་ སྙན་ཞུ་དང་འཁྲིལཝ་ད་ ནདཔ་ལ་ལོ་ཅིག་ སྨན་ཁང་ནང་འོང་སྟེ་ དུས་ཡུན་ཆུ་ཚོད་༢ དེ་ཅིག་གི་རིང་ བསྒུག་དགོཔ་ཐོནམ་མས་ཟེར་ཨིན་པས།
ཌོག་ཊར་མགོ་སར་སྤེན་པ་གིས་ བཤད་མི་དང་འཁྲིལཝ་ད་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ ཕྱི་སྡོད་ནད་པའི་ལས་ཁུངས་ཀྱི་ སྦོ་ལོགས་ཁར་སྡོད་ཞིནམ་ལས་ ཌོག་ཊར་གྱི་ ཁང་མིག་དེ་ནང་ ཌོག་ཊར་ཚུ་ ནམ་འོང་དོ་ཡོདཔ་ཨིན་ན་དང་ ནམ་འཐོན་འགྱོ་དོ་ཡོདཔ་ཨིན་ན་ ལྟ་རྟོག་འབད་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཌོག་ཊར་ཚུ་ དྲོ་པའི་ཆུ་ཚོད་༨ དང་སྐར་མ་༣༠དེ་ཅིག་ཁར་ ནད་གཞི་དང་འབྲེལ་བའི་ གནད་དོན་ཚུ་གི་སྐོར་ལས་ གྲོས་བསྟུན་འབད་སྲོལ་ཡོདཔ་ལས་ ཌོག་ཊཪ་མང་ཤོས་ཅིག་ སྨན་ཁང་ནང་ དྲོ་པའི་ཆུ་ཚོད་༨ ལུ་ ལྷོདཔ་མས་ཟེར་ཨིན་པས།
དེ་མ་ཚད་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ སློབ་སྟོན་འབད་སའི་སྨན་ཁང་ཅིག་སྦེ་ ངོས་འཛིན་འབད་བའི་ཤུལ་ལུ་ སློབ་སྟོན་ནང་ འབྲེལ་གཏོགས་ཡོད་མི་ ཌོག་ཊར་ཚུ་ ནདཔ་བཞག་སའི་ཁང་མིག་ནང་ལས་ སྨན་ཁང་ནང་ དྲོ་པའི་ཆུ་ཚོད་༩ དང་སྐར་མ་༣༠དེ་ཅིག་ལས་ ལྷོད་ནི་མེད་ཟེར་ཨིན་པས།
སྨན་ཁང་ནང་ ལཱ་འབད་ནིའི་དུས་ཚོད་དེ་ དྲོ་པའི་ཆུ་ཚོད་༩ ལས་ ཕྱི་རུའི་ཆུ་ཚོད་༣ ཚུན་ཨིནམ་ལས་ སློབ་སྟོན་ནང་ འབྲེལ་གཏོགས་ཡོད་མི་ ཌོག་ཊར་ཚུ་གིས་ སློབ་སྟོན་ཚུ་ དྲོ་པའི་ཆུ་ཚོད་༩ གི་ཧེ་མ་དང་ ཕྱི་རུའི་ཆུ་ཚོད་༣ གྱི་ ཤུལ་ལས་རྐྱངམ་གཅིག་ འབད་དགོཔ་ཨིན་ཟེར་ཨིན་པས།
སྤྱི་ལོ་༢༠༡༤ ལས་༢༠༡༦ ཚུན་ཚོད་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ ཕྱི་སྡོད་ནད་པའི་ལས་ཁུངས་ནང་ ལཱ་འབད་མི་ ཌོག་ཊར་ལ་ལོ་ཅིག་ ཞབས་ཏོག་གཞན་གྱི་དོན་ལུ་ འབོ་བའི་སྐབས་ ཕྱི་སྡོད་ནད་པའི་ལས་ཁུངས་ནང་ འོང་ཡོད་མི་ ནདཔ་ཚུ་དང་ ཌོག་ཊར་གྱིས་ གྲོས་བསྟུན་འབད་ནིའི་ ལས་རིམ་དེ་ལུ་ ཐོ་ཕོགཔ་མས་ཟེར་ཨིན་པས།
ཌོག་ཊར་མགོ་སར་སྤེན་པ་གིས་འབད་བ་ཅིན་ ཉིན་ལྟོ་ཟ་ཚར་བའི་ཤུལ་ལུ་ སྨན་ཁང་ནང་ ནདཔ་འོང་མི་གངམ་མེདཔ་ལས་ ཌོག་ཊར་ཚུ་ ཕྱི་ཁར་འགྱོ་དོ་ཡོདཔ་མ་ཚད་ མང་ཤོས་ཅིག་ ཉིན་མའི་ཆུ་ཚོད་༢ ལས་ ཞལ་འཛོམས་འཚོགས་དོ་ཡོདཔ་ལས་ དེ་ནང་ བཅའ་མར་གཏོགསཔ་ཨིན་ཟེར་ཨིན་པས།
ཨིན་རུང་ ཉིན་མ་སྨན་ཁང་ནང་འོང་མི་ ནདཔ་ཚུ་བརྟག་དཔྱད་འབད་ནིའི་དོན་ལུ་ ཌོག་ཊར་གཅིག་ སྡོདཔ་ཨིན་ཟེར་ཨིན་པས།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་དེ་ལུ་ གཞི་བཞག་སྟེ་ སློབ་སྟོན་དང་ ཡང་ཅིན་ ཞལ་འཛོམས་ནང་ལས་ཕར་ འགྱོ་དགོཔ་མེད་པའི་སྐབས་ ད་ལས་ཕར་ ཌོག་ཊར་ཚུ་གིས་ སྨན་ཁང་ནང་ དུས་ཚོད་ཁར་འོང་ནི་དང་ དུས་ཚོད་ཁར་ ཁྱིམ་ནང་འགྱོ་ནི་ལུ་ ག་དེ་དྲག་དྲག་ བརྩོན་ཤུགས་བསྐྱེད་དགོཔ་སྦེ་ སླབ་ཡོདཔ་མ་ཚད་ ཐོ་བཀོད་ཚུ་ཡང་ ག་དེ་དྲག་དྲག་ བཞག་ནི་ཨིན་ཟེར་ཨིན་པས།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ སྨན་ཁང་ནང་ འགན་འཁྲི་ཡར་དྲག་གཏང་ནི་དང་ འོས་ལྡན་གྱི་ གྲོས་ཐག་བཅད་ནི་ དེ་ལས་ གསོ་བའི་འཕྲོད་བསྟེན་ཞབས་ཏོག་ཚུ་ འཇོན་དྲགས་ཅན་སྦེ་ བྱིན་ཐབས་ལུ་ གྲོས་འདེབས་ཁག་༩ ཕུལ་ཡོདཔ་ཨིན་པས།
གྲོས་འདེབས་ཚུ་ཡང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ ཌོག་ཊར་ཚུ་གི་ སྒྲིག་རྒྱུག་དུས་ཚོད་དེ་ ཕན་ནུས་ཅན་བཟོ་ནི་དང་ ཁོང་གིས་བྱིན་ཡོད་པའི་ གྲོས་སྟོན་གྱི་གྱངས་ཁ་ཚུ་ ལྟ་རྟོག་དང་ དབྱེ་དཔྱད་ལེགས་ཤོམ་ འབད་དགོཔ་འདུག་ཟེར་ཨིན་པས།
དེ་ལས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ གསོ་བའི་ཞབས་ཏོག་ཚུ་ དྭངས་གསལ་དང་ དོན་སྨིན་ཅན་ དེ་ལས་ གང་མགྱོགས་བྱིན་ཐབས་ལུ་ ཚུལ་མཐུན་གྱི་ དམ་འཛིན་ལམ་ལུགས་ གཞི་བཙུགས་འབད་དགོཔ་འདུག་ཟེར་ སྙན་ཞུའི་ནང་ བཀོད་འདུག་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *