ནད་ཡམས་སྐབས་ ཕྱིའི་གྲོགས་རམ་འཐོབ་ནི་ལུ་ ལཱ་ཁག་རྐྱབ་ནི།

༉ འདས་པའི་བདུན་ཕྲག་དག་པ་ཅིག་ལས་ སྟོབས་ཤུགས་ཅན་གྱི་རྒྱལ་ཁབ་ཚུ་ཡང་ ནད་ཡམས་ཀོ་བིཌ་-༡༩ འི་ གདོང་ ལེན་འབད་ནི་ལུ་ གླགས་ཁེལ་མ་ཚུགས་པར་ གསོ་བའི་མཐུན་རྐྱེན་དང་ཞབས་ཏོག་ཚུ་ སྤུས་ཚད་ཅན་དང་ ཡོངས་རྫོགས་སྦེ་ གཞི་བཙུགས་འབད་དེ་ཡོད་རུང་ བཀག་མ་ཚུགས་པའི་ གནས་སྟངས་ནང་ལྷོད་མི་དེ་ མཐོང་ཚུགས་པས།

ཉེ་འདབས་ཀྱི་ ཁྱིམ་ཚང་རྒྱལ་ཁབ་ཚུ་ནང་ ནད་ཡམས་རྒྱ་ཆེ་དྲགས་སྦེ་ར་ ཁྱབ་སྤེལ་འགྱོ་དོ་ཡོདཔ་ལས་ ང་བཅས་རའི་ རྒྱལ་ཁབ་ནང་ཡང་ ལྷོད་ནིའི་ཉེན་ཁ་འདུག།

ད་ལྟོ་ ཕྱིའི་རྒྱལ་ཁབ་ཚུ་ནང་ ནད་ཡམས་ལུ་བརྟེན་ ཤི་རྐྱེན་བྱུང་དོ་བཟུམ་སྦེ་ ང་བཅས་རའི་རྒྱལ་ཁབ་ནང་ མ་འབྱུང་ནི་དེ་གིས་ འབྲུག་མི་ཚུ་ སེམས་བག་ཡེངས་ཤོར་ཏེ་ དཔྱེ་འབད་བ་ཅིན་ ས་མཚམས་བདའ་སྟེ་ ནག་ཚོང་འཐབ་པའི་ཁར་ གསང་བའི་ཐོག་ལས་ འབྲེལ་བ་འཐབ་པའི་གནད་དོན་ཚུ་ མ་ཆད་པར་ཐོནམ་ཨིན་མས།

ཇའི་སྒང་དང་ དཱད་ག་རི་ མེ་ལ་བ་ཛར་གྱི་ས་ཁོངས་ཚུ་ ཕུན་ཚོགས་གླིང་དང་ དགེ་ལེགས་ཕུག་ དེ་ལས་ བསམ་གྲུབ་ལྗོངས་མཁར་ཁྲོམ་ཚུ་དང་གཅིག་ཁར་ ས་མཚམས་གཅིག་ཁར་ཨིནམ་ལས་ ས་གནས་དེ་ཚུའི་ནང་ ནད་ཡམས་ཐོབ་མི་ ག་དེམ་ཅིག་ཡོདཔ་ཨིན་ན་ བཅས་ཀྱིས་ མི་ཤེས་དོ་ཡོདཔ་ལས་ མི་གཅིག་གིས་འཐུས་ཤོར་བ་ཅིན་ གནོད་ཉེན་སྦོམ་འབྱུང་ནིའི་ ཉེན་ཁ་ཡོད།

རྒྱལ་ཁབ་ནང་ ནད་ཡམས་མ་ལྷོད་པའི་སྔོན་ལས་ བཀག་ཐབས་ཀྱི་ ཐབས་ལམ་སྣ་ཚོགས་བཏོན་ཏེ་ དེའི་གྲུབ་འབྲས་ཡང་ ཡ་མཚན་ཅན་སྦེ་ཐོན་ཡོདཔ་ལས་ ཐབས་ཤེས་གཙོ་བོ་ཅིག་ ཟུར་བཞག་ནང་བཞག་ནི་དེ་ལུ་ ཤུགས་བཏོན་ནི་དེ་གིས་ བཀག་འཛིན་འབད་ནི་ལུ་ ཕན་ཐོགས་སྦོམ་བྱུང་སྟེ་ཡོད།

མི་དབང་མངའ་ཞབས་མཆོག་ཡང་ གདོང་ཁར་ཐོན་ཏེ་ ས་མཚམས་ཉེན་སྲུང་འབད་མི་དང་ མི་མང་ལུ་ བློ་བདེ་བྱིན་ཐབས་ལུ་ འཕྲལ་འཕྲལ་ར་ གཟིགས་སྐོར་གནང་བཞིན་དུ་ཡོད་རུང་ སྣང་མེད་ཐོག་ལས་ སྤྱོད་ངན་འབད་མི་ཚུ་ སྤྱིར་བཏང་མི་སེར་རྐྱངམ་གཅིག་མེན་པར་ གདོང་ཁར་ཐོན་ཏེ་ ལཱ་འབད་མི་ཚུ་གི་གྲས་ལས་ཡང་ ཐོནམ་ཨིན་མས།

ད་ལྟོ་ ང་བཅས་ཆ་ཁྱབ་ ཁ་རྗེ་བཟངམ་ལས་ འགྲོ་འགྲུལ་བཀག་དམ་ཡང་ དེ་ཅིག་འབད་ནི་མེདཔ་ད་ ཚོང་ལཱ་དང་ དཔལ་འབྱོར་གྱི་ལཱ་ཚུ་ཡང་ ཧེ་མ་བཟུམ་སྦེ་ར་ འབད་ནིའི་གོ་སྐབས་ཐོབ་ནི་དེ་གིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་ཡང་ ལོག་སྟེ་ལེགས་ཤོམ་འགྱོ་ནི་ འགོ་བཙུགས་ཏེ་ཡོད།

ཀོ་བིཌ་-༡༩ འི་དོན་ལུ་ རྒྱལ་ཁམས་མ་དངུལ་ རྒྱ་ཆེ་དྲགས་སྦེ་ ཟད་འགྲོ་བཏང་ཚར་ཡོདཔ་ལས་ ད་ལྟོའི་གནས་སྟངས་ནང་ ང་བཅས་ཀྱིས་ འཐུས་ཤོར་བ་ཅིན་ དཔལ་འབྱོར་ཆུང་བའི་རྒྱལ་ཁབ་ལུ་ ཤུགས་སྦེ་ར་ འབྱེམ་ཕོག་ནི་ཨིན་མས།

ང་བཅས་ལུ་ ཨ་རྟག་གྲོགས་རམ་འབད་མི་ ཁྱིམ་ཚང་རྒྱལ་ཁབ་ནང་ཡང་ ནད་ཡམས་ལུ་བརྟེན་པའི་ དཀའ་སྡུག་སྦོམ་བྱུང་སྟེ་ཡོདཔ་ལས་ གྲོགས་རམ་ལེན་ནི་ལུ་ཡང་ གཡང་ཟ་ནི་དང་ ང་བཅས་རའི་ གནས་སྟངས་སྐྱོ་དྲགས་ནང་ལྷོད་པ་ཅིན་ གྲོགས་རམ་འཐོབ་ནི་ལུ་ ལཱ་ཁག་རྐྱབ་ནིའི་ ཉེན་ཁ་འདུག།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *