ནད་ཡམས་ལུ་བརྟེན་ མདེའུ་ཡང་ཀའི་ཚོང་འབྲེལ་ལུ་ ཐོ་ཕོག་ཡོདཔ།

༉ རང་ལུགས་ཀྱི་མདའ་བཟོ་ནིའི་དོན་ལུ་ ལག་ལེན་འཐབ་མི་ ཡོངས་གྲགས་ལུ་ མདེའུ་ཡང་ཀ་ཟེར་མི་དེ་ ནད་ཡམས་ཐོན་མི་ལུ་བརྟེན་ ཡང་ཀ་འཛུགས་སྐྱོང་འབད་མི་ཚུ་གིས་ ཚོང་འབྲེལ་དེ་ཅིག་ར་ འཐབ་མ་ཚུགས་པར་ཡོདཔ་ཨིན་པས།

མདེའུ་ཡང་ཀ་དེ་ དབང་འདུས་ཕོ་བྲང་ རྒྱ་ལ་སྤྱི་འོག་ལས་ འཐོབ་དོ་ཡོདཔ་ད་ འཕྲིན་ལས་བཟངམོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ནད་ཡམས་མ་འཐོན་པ་ཅིན་ མོ་གིས་ མདེའུ་ཡང་ཀ་ཆ་༡༤༠ དེ་ཅིག་ བཙོང་ཚུགས་ཚུགསཔ་འོང་ཟེར་ཨིན་པས།

མོ་གིས་སླབ་མིའི་ནང་ ཡང་ཀ་ཆ་༧ མཁོ་འདོད་བཀོད་མི་ཐོན་ཡོད་རུང་ མེདཔ་ཐལ་ནི་དེ་གིས་ ལོག་བཏང་ནུག་ཟེར་ཨིནམ་ད་ མདེའུ་དེ་ ལོ་༡ ནང་ ཚར་རེ་བསྡུ་དོ་ཡོདཔ་ཨིན་པས།

མོ་གིས་ དུས་ཅི་གི་ལོ་ནང་ མདེའུ་ཆ་དག་པ་ཅིག་ལས་བརྒལ་ བཙོང་མ་ཚུགསཔ་བཞིན་དུ་ མོ་གིས་སླབ་མིའི་ནང་ མདེའུ་ཡང་ཀ་ཚུ་ འབུབ་ཀྱིས་ གནོདཔ་རྐྱབ་མས་ཟེར་ཨིན་པས།

རྒྱ་ལ་སྤྱི་འོག་གི་ ཁྱིམ་གུང་ག་རང་གིས་ ལོ་བསྟར་བཞིན་དུ་ མདེའུ་ཆ་༤༠ དེ་ཅིག་ བཙོང་དོ་ཡོདཔ་ད་ ང་བཅས་ཀྱིས་ དུས་ཅི་ བཙོང་མ་ཚུགས་པའི་ཁར་ ཚོད་བསྲེ་བཙོང་ནི་ལུ་ཡང་ དཀའ་ངལ་བྱུང་ཡི་ཟེར་ འཕྲིན་ལས་བཟངམོ་གིས་ བཤདཔ་ཨིན་པས།

ཉོ་མི་ཚུ་ཡང་ མང་ཤོས་ར་ ཐིམ་ཕུག་ལས་ འོང་དོ་ཡོདཔ་ཨིན་རུང་ ནད་ཡམས་སྐབས་ འགྲོ་འགྲུལ་བཀག་དམ་འབད་མི་ལུ་ བརྟེན་ འོང་མ་ཚུགས་པས་ཟེར་ཨིན་པས།

རྒྱ་ལ་ལས་ཨིན་མི་ སྐྱེས་ལོ་༦༦ ལང་མི་ འཕེལ་མགོ་གིས་ སླབ་མིའི་ནང་ གཡུས་ཁ་ལས་ མདེའུ་ཆ་རེ་ལུ་ དངུལ་ཀྲམ་༣༠༠ རེ་སྦེ་ བཙོང་དོ་ཡོད་རུང་ ཐིམ་ཕུག་ལུ་འབག་སྟེ་ མདའ་བཟོ་ཞིནམ་ལས་བཙོངམ་ད་ དངུལ་ཀྲམ་༡,༢༠༠ དེ་ཅིག་ འཐོབ་ཚུགས་པས་ཟེར་ཨིན་པས།

རྒྱ་ལ་སྤྱི་འོག་ནང་ གུང་པ་༣༧ དེ་ཅིག་ ཡོད་མི་ཚུ་ག་རང་གིས་ མདེའུ་ཡང་ཀ་དེ་ བཙུགས་དོ་ཡོདཔ་ད་ གཡུས་མི་ཚུ་གིས་ ལོ་ངོ་བཅུ་ཕྲག་༡ དེ་ཅིག་གི་ཧེ་མ་ལས་ རང་སྡོད་སའི་ མཐའ་འཁོར་ལུ་ བཙུགས་ཡོདཔ་ཨིན་པས།

མདེའུ་ཡང་ཀ་དེ་ ངོ་མ་འབད་བ་ཅིན་ གཡུས་ཚན་དེ་ནང་ལས་ ཆུ་ཚོད་༢ དེ་ཅིག་ རྐང་སྟོང་འགྱོ་དགོ་མི་ ཏང་ཀ་མཚོ་གི་ མཐའ་འཁོར་ལུ་ སྐྱེས་དོ་ཡོདཔ་ཨིན་པས།

མདེའུ་དེ་ ལོ་ལེ་ཤ་གི་ཧེ་མ་མར་ ནོར་རྫིཔ་ཅིག་ མཚོ་དེ་ཁར་འགྱོཝ་ད་ མཐོང་བའི་ལོ་རྒྱུས་ཚུ་ཡོདཔ་ད་ ནོར་རྫིཔ་དེ་གིས་ མཚོའི་སྦུག་ལུ་ མདེའུ་སྐྱེས་མི་ རྩྭ་ཐང་ཆུང་ཀུ་ཅིག་མཐོང་སྟེ་ ཁོ་རའི་ལགཔ་གིས་ བདའ་ཟུན་སའི་ས་གོ་ནང་ མ་ལྷོད་ཚུན་ ཤིང་གི་རྒྱབ་ཁར་ གཡིབ་སྡོད་དེ་ སྦོ་ལོགས་ཁར་ལྷོདཔ་ཅིག་ དག་པ་ཅིག་བཏོགས་འབག་འོང་པའི་ ལོ་རྒྱུས་འདུག་ཟེར་ འཕེས་མགོ་གིས་ སླབ་ཨིན་པས།

མདེའུ་བཏོགས་མི་དེ་ ཉིམ་གི་དྲོད་ལས་ གྱིབ་མ་བཟོ་ཐབས་ལུ་ ཞྭམོ་བཟོ་སྟེ་ ལག་ལེན་འཐབ་ནུག་ཟེར་ ཁོ་གིས་བཤད་པའི་ཁར་ དེ་ཚེ་ར་ ཞྭམོ་བཟོ་མི་མདེའུ་དེ་ ཁོ་གིས་ འབའ་སྐྱོར་ནང་སོང་སྟེ་ ཕྲང་ཞིནམ་ལས་ མདའ་རྐྱབ་ད་ བཀག་རེག་ཕོག་པའི་ ལོ་རྒྱུས་འདུག་ཟེར་ཨིན་པས།

མདེའུ་དེ་ ལྗིད་ཡང་པའི་ཁར་ མདའ་རྐྱབ་པའི་སྐབས་ བཀག་རེག་མང་སུ་ཕོག་མི་ལུ་བརྟེན་ མདའ་རྩེཔ་མང་ཤོས་ཅིག་གིས་ ལག་ལེན་འཐབ་ནི་ལུ་ གདམ་ཁ་རྐྱབ་དོ་ཡོད་རུང་ གོང་ཚད་ཀྱི་ཐད་ཁར་ལྷོདཔ་ད་ སྤྱིར་བཏང་མདེའུ་ཚུ་ལས་ མཐོ་སུ་སྦེ་ ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *