ནད་ཡམས་ཚད་འཛིན་འབད་ནི་ལུ་ མཉམ་འབྲེལ་དགོཔ།

༉ ཐིམ་ཕུག་ལུ་ འགྲོ་འགྲུལ་བཀག་དམ་འབད་དེ་ ཉིནམ་གཉིས་ཀྱི་ཤུལ་ལས་ ཁ་ཙ་འབདཝ་ད་ སྤ་རོ་ལུ་ཡང་ འགྲོ་འགྲུལ་བཀག་དམ་འབད་ཡོདཔ་མ་ཚད་ རྫོང་ཁག་གཞན་ཚུ་གི་ ནང་འཁོད་ལུ་ཡང་ འགྲོ་འགྲུལ་འབད་མ་ཆོག་པའི་ གསལ་བསྒྲགས་འབད་ཡི།

དེ་ཡང་ ག་འཆརཔ་ཟེར་བ་ཅིན་ ཉིན་བསྟར་བཞིན་དུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མིའི་གྱངས་ཁ་ ཡར་སེང་འགྱོ་ནི་དེ་གིས་ཨིན་མས།

ཁ་ཙ་ གསོ་བ་ལྷན་ཁག་གིས་ ནད་ཡམས་བརྟག་དཔྱད་ཀྱི་ གྲུབ་འབྲས་གསལ་སྟོན་འབད་མི་དང་འཁྲིལཝ་ད་ ད་རུང་ ཐིམ་ཕུག་ལས་ ནད་ཡམས་ཐོབ་མི་༥ ཐོན་ཡོདཔ་མ་ཚད་ སྤ་རོ་ལས་༣ ཐོན་མི་དེ་བརྩིསཝ་ད་ འདས་པའི་ཉིན་གྲངས་༤ འི་ནང་འཁོད་ལུ་ མི་གྲངས་༢༩ དེ་ཅིག་ལུ་ ནད་ཡམས་ཐོབ་ནུག།

ད་རེས་ ཡུདཔ་ཐེངས་ཅིག་ནང་ ནད་ཡམས་ཐོབ་མིའི་གྱངས་ཁ་ ཡར་སེང་འགྱོ་མི་ལུ་ལྟཝ་ད་ ང་བཅས་ར་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ཨིནམ་མ་ཚད་ རྒྱལ་ས་ལུ་ སྡོད་མི་ཚུ་འབད་རུང་ ད་ལྟོ་ཚུན་ སེམས་བག་ཡེངས་ཤོར་སྡོད་མི་དེ་ལུ་ དྲན་ཤེས་བཏོན་བཅུག་པའི་ཁར་ ནད་ཡམས་འདི་གི་ ཉེན་ཁ་དང་ འཇིགས་སྣང་ཚུ་ཡང་ ཧ་གོ་ཡི།

ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ཐིམ་ཕུག་ལུ་ ས་གནས་ཐདམ་ཐད་ཁར་ གཞི་བཙུགས་འབད་དེ་ཡོད་མི་ ཚ་རིམས་བརྟག་དཔྱད་ས་ཁོངས་ཚུ་ནང་ ནད་ཡམས་ཐོབ་མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ཡོད་མི་ཚུ་ བརྟག་དཔྱད་འབད་དོ་ཡོདཔ་མ་ཚད་ ལ་ལོ་ཅིག་ འཚོལ་ཞིབ་འབད་བའི་བསྒང་ཡོད་མི་དང་བསྟུན་ ད་རུང་ ནད་ཡམས་ཐོབ་མི་དང་ འབྲེལ་འཐབ་འབད་མིའི་གྱངས་ཁ་ མང་སུ་སྦེ་ར་ འཐོན་ནི་ཨིན་མས།

དེ་བཟུམ་སྦེ་ རྫོང་ཁག་གཞན་ཚུ་ནང་ཡང་ འཕྲོ་མཐུད་དེ་ར་ ནད་ཡམས་ཐོབ་མ་ཐོབ་ཀྱི་ བརྟག་དཔྱད་ཚུ་ འཕྲོ་མཐུད་དེ་ར་ འབད་དོ་ཡོདཔ་མ་ཚད་ ཐིམ་ཕུག་ལས་ རྫོང་ཁག་གཞན་ཚུ་ནང་ འགྲོ་འགྲུལ་འབད་མི་ཚུ་ ཟུར་བཞག་ལྟེ་བ་ཚུ་ནང་ སྡོད་བཅུག་དོ་ཡོདཔ་ད་ དེ་ཡང་ གལ་སྲིད་ ནད་ཡམས་ཐོབ་ཡོད་པ་ཅིན་ གཞན་ལུ་འབུ་མི་བཅུག་ནི་དང་ ཁྱབ་སྤེལ་འགྱོ་བཅུག་ནིའི་ བཀག་ཐབས་དོན་ལུ་ཨིན་མས།

གསོ་བ་ལྷན་ཁག་གིས་ རྒྱལ་ཁབ་མཐའ་དབུས་མེད་པར་ ནད་ཡམས་ཚད་འཛིན་འབད་ནིའི་དོན་ལུ་ འཚོལ་ཞིབ་དང་ བརྟག་དཔྱད་ལས་རིམ་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ ནད་ཡམས་དེ་ མི་སྡེ་ནང་ དར་ཁྱབ་སོང་ནི་དེ་གིས་ཨིནམ་ད་ མ་གཞི་ མིག་ཏོ་གིས་ མཐོང་མ་ཚུགས་པའི་ བྱང་ཕྱད་དེ་དང་གཅིག་ཁར་ གདོང་ལན་འབད་ཚུགས་མ་ཚུགས་དེ་ ང་བཅས་ར་ སྤྱིར་བཏང་མི་མང་གིས་ གསོ་བའི་འགོ་དཔོན་ཚུ་དང་ མདུན་གཟང་སྟེ་ལཱ་འབད་མི་ ཁས་བླངས་པ་ཚུ་ལུ་ མཉམ་འབྲེལ་དང་ རྒྱབ་སྐྱོར་འབད་ཐངས་ལུ་ རག་ལས་ནི་ཨིན་མས།

རྒྱལ་ས་ལུ་སྡོད་མི་དང་ རྫོང་ཁག་ཚུ་ནང་སྡོད་མི་ ག་ར་འབད་རུང་ ཚ་རིམས་ན་དོ་བཟུམ་མའི་ རྟགས་མཚན་རེ་འཐོན་པ་ཅིན་ དེ་འཕྲོ་ལས་ ཉེ་འདབས་ལུ་ཡོད་མི་ གསོ་བའི་ལྟེ་བ་ཚུ་ནང་ སྙན་ཞུ་འབད་ནི་དང་ བརྟག་དཔྱད་འབད་ནི་དེ་ ཁག་ཆེ་ཤོས་ཅིག་ཨིན་ཟེར་ གསོ་བའི་བློན་པོ་གིས་ ཡང་བསྐྱར་བརྡ་ལན་འབད་མི་དང་བསྟུན་ ངོས་ལེན་འབད་དགོཔ་འདུག།

ཕྱོགས་གཅིག་ལས་བལྟ་བ་ཅིན་ ང་བཅས་ར་ དཔའ་ཉམས་བསྐྱེད་དགོ་མི་དེ་ཡང་ ད་ལྟོ་ཚུན་ ཀོ་རོ་ན་བའེ་རཱསི་ནད་འབུབ་ལུ་བརྟེན་ མི་ཕུད་རྡོག་གཅིག་ལུ་ཡང་ ཤི་རྐྱེན་བྱུང་ཡོད་པའི་ སྙན་ཞུ་མེད་ནི་དེ་གིས་ཨིནམ་ད་ དུས་ཅི་ སྤྱི་ཟླ་༣ པ་ལས་ཚུར་ མི་གྲངས་༤༦༧ ལྷགཔ་ཅིག་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་ཡོད་མིའི་གྲས་ལས་ མི་གྲངས་༤༢༩ དྲག་ཡོདཔ་བཞིན་དུ་ ཚབས་ཆེན་གནས་སྟངས་ཐོག་ལུ་ དབུགས་གཏོང་ལེན་འཕྲུལ་ཆས་ ལག་ལེན་འཐབ་དགོ་པའི་ནདཔ་ ག་ཡང་མ་འཐོན་མི་དེ་ གནས་ཚུལ་ལེགས་ཤོམ་ཅིག་ཨིན་མས།

མི་སྡེའི་ནང་ལས་ ནད་ཡམས་ཁྱབ་སྤེལ་འགྱོ་མི་དེ་ ཉེན་ཁ་ཅན་ཅིག་ཨིནམ་ལས་ འབྲུག་མི་ག་ར་གིས་ མཉམ་འབྲེལ་ཐོག་ལས་ འགན་ཁུར་འབག་སྟེ་ འགྲོ་འགྲུལ་བཀག་དམ་གྱི་ སྒྲིག་གཞི་དང་ ཉེན་སྲུང་ཐབས་ལམ་ཚུ་ལུ་ ཚུལ་མཐུན་གནས་པ་ཅིན་ ཚད་འཛིན་འབད་ཚུགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *